འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་7ཉིན།

༄༅༎རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་པེ་རུ་ཐེའི་འབར་གས་དོན་རྐྱེན་ལ་དོ་ཁུར་བྱེད་པ། རྒྱལ་ཁབ་མང་པོ་ཞིག་གིས་
ལེ་པ་ནོན་ལ་རོགས་སྐྱོར་བྱ་རྒྱུ་ཡིན་ཞེས་བརྗོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་07ཉིན། 15:06】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། ལེ་པ་ནོན་གྱི་རྒྱལ་ས་པེ་རུ་ཐེའི་གྲུ་ཁའི་ཁུལ་དུ་ས་གནས་དེ་གའི་དུས་ཚོད་ཚེས་4ཉིན་གྱི་དགོང་མོར་འབར་གས་ཆེན་པོ་ཞིག་བྱུང་ཞིང་། མིག་སྔར་མི་100ལྷག་ཤི་བ་དང་མི་4000ལྷག་ཙམ་ལ་རྨས་སྐྱོན་ཕོག་ཡོད་པ་རེད། འབར་གས་དོན་རྐྱེན་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་ཁུར་ཟབ་མོ་བྱེད་ཀྱི་ཡོད། དབྱི་སི་རལ་ཚུད་པའི་རྒྱལ་ཁབ་ཁག་གཅིག་གིས་ལེ་པ་ནོན་ལ་རོགས་སྐྱོར་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད་པ་རེད།
     མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུའུ་ཐེ་ལེ་སིས་དེ་ཉིན་མགྲིན་ཚབ་པ་བརྒྱུད་ལེ་པ་ནོན་གྱི་སྲིད་གཞུང་དང་མི་དམངས་ལ་སྙིང་ཐག་པ་ནས་འཚམས་འདྲི་ཞུས་པ་དང་སྦྲགས། ལེ་པ་ནོན་དུ་ལས་ཀ་བྱེད་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་སྣ་ཚུད་པའི་རྨས་མ་ཡོངས་ལ་མགྱོགས་མྱུར་དྲག་སྐྱེད་ཡོང་བའི་སྨོན་འདུན་ཡང་ཞུས་པ་རེད། ཀུའུ་ཐེ་ལེ་སིས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དཀའ་ཚེགས་ཆེ་བའི་དུས་འདིར་ལེ་པ་ནོན་ལ་སྔར་རྒྱུན་བཞིན་རྒྱབ་སྐྱོར་བྱ་རྒྱུ་མ་ཟད། ད་དུང་དོན་རྐྱེན་འདིར་ཁ་གཏད་གཅོག་རྒྱུར་ཡང་རོགས་རམ་ཧུར་ཐག་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
     མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་བཞི་པའི་ཀྲུའུ་ཞི་མུའུ་ཧན་མོ་ཏེ·པན་ཏི་ཡིས་ཀྱང་འབར་གས་དོན་རྐྱེན་ལ་དོ་ཁུར་བྱེད་པ་དང་། ཁོང་གིས་འབར་གས་དོན་རྐྱེན་ཁྲོད་ནས་གཉེན་ཉེ་གྲོངས་པའི་ཁྱིམ་ཚང་རྣམས་ལ་སྙིང་ཐག་པ་ནས་འཚམས་འདྲི་ཞུས་པ་དང་སྦྲགས། རྨས་མ་ཚོར་ཡང་གང་མགྱོགས་དྲག་སྐྱེད་ཡོང་བའི་སྨོན་འདུན་ཞུས་པ་རེད། དེ་དང་ཆབས་ཅིག ཁོང་གིས་ལེ་པ་ནོན་ལ་ངག་ཐོག་ནས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
     ཕོ་བྲང་ཁེ་ལི་མུའུ་ལིན་གྱི་དྲ་ཚིགས་ཐོག་ཚེས་4ཉིན་སྤྱི་བསྒྲགས་ཤིག་སྤེལ་བའི་ནང་། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་དེ་ཉིན་ལེ་པ་ནོན་གྱི་རྒྱལ་སའི་གྲུ་ཁའི་ཁུལ་དུ་འབར་གས་ཀྱི་དོན་རྐྱེན་ཐོན་པར་ལེ་པ་ནོན་གྱི་ཙུང་ཐུང་ཨའོ་ཨེན་ལ་འཚམས་འདྲིའི་གློག་འཕྲིན་བཏང་བ་དང་། ཕུའུ་ཅིང་གིས་ད་དུང“འབར་གས་ཀྱི་དོན་རྐྱེན་འདིའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་མིའི་ནང་མི་དང་གཉེན་ཉེ་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་རྒྱབ་སྐྱོར་བྱ་རྒྱུ་དང་ཆབས་ཅིག རྨས་མ་ཡོངས་ལ་གང་མགྱོགས་དྲག་སྐྱེད་ཡོང་བའི་སྨོན་འདུན་ཡང་ཞུ་རྒྱུ་ཡིན”ཞེས་བརྗོད་ཡོད་ཅེས་འཁོད་ཡོད་པ་རེད།
     དབྱི་སི་རལ་གྱི་ཙུང་ལིའི་གཞུང་ལས་ཁང་གིས་ཚེས་4ཉིན་གྱི་དགོང་མོ་གསལ་བསྒྲགས་སྤེལ་ནས། ཙུང་ལི་ནེ་ཐཱ་ཉི་ཡཱ་ཧུའུ་ཡིས་ལེ་པ་ནོན་ལ་མི་ཆོས་རིང་ལུགས་དང་སྨན་བཅོས་ཀྱི་རོགས་སྐྱོར་བྱ་རྒྱུའི་ཆོག་མཆན་སྤྲད་རྗེས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་མཐུན་སྦྱོར་བ་བརྒྱུད་དེ་ལེ་པ་ནོན་ལ་རོགས་སྐྱོར་སྔར་བས་མང་བ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད་པ་རེད།