འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་6ཉིན།

༄༅༎ལྷག་བསམ་དཀར་པོ་གངས་ལྗོངས་ལ་བཅངས།

——པེ་ཅིང་བོད་སྐྱོར་སྨན་བཅོས་རུ་ཁག་གི་རེས་སྐོར་ཟུར་འབྲི།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་06ཉིན། 17:04】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎ལྷག་བསམ་དཀར་པོ་གངས་ལྗོངས་ལ་བཅངས།
     མི་དམངས་དྲ་བའི་འཕྲིན། ཟླ་7པའི་ཚེས་31ཉིན་གྱི་དགོང་མོའི་ཆུ་ཚོད་8དང་སྐར་མ་30ཙམ་ལ། ཆར་པ་སིམ་སིམ་བབས་རྗེས་པེ་ཅིང་ནས་ལྷ་སར་འཕུར་བའི་དུས་གཏན་གནམ་གྲུ་ཞིག་ལྷ་ས་གྲོང་ཁུལ་དང་བར་ཐག་སྤྱི་ལེ་45ཡོད་པའི་གོང་དཀར་གནམ་ཐང་དུ་བརྟན་པོའི་ངང་བབས་ཤིང་། པེ་ཅིང་གྲོང་ཁྱེར་གྱི་སྨན་བཅོས་རུ་ཁག་གི་ཁག་དགུ་པའི་སྐབས་གཉིས་པའི་རུ་མི་32གངས་ལྗོངས་ས་མཐོར་དངོས་སུ་འབྱོར་བ་རེད།
     ད་ལོ་ལྷ་སའི་ཆར་ཆུ་དེ་སྔར་ལས་མང་ཞིང་། ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཆེ་བས་དགོང་མོར་གནམ་གཤིས་གྲང་མོ། ཁག་སྔོན་མའི་སྨན་བཅོས་རུ་ཁག་གི་རུ་མི་མི་ཉུང་བ་ཞིག་སྔ་ས་ནས་གནམ་ཐང་ཕྱི་རོལ་དུ་ཡོང་ནས་པེ་ཅིང་ནས་ཡོང་མཁན་ཚོར་བསྒུག་ཡོད།
     གནམ་གྲུ་འགོར་འགྱངས་བྱས་པས་རུ་མི་རྣམས་གནམ་གྲུ་ཐང་ནས་ཕྱིར་བུད་དུས་དགོང་མོའི་དུས་ཚོད་དགུ་ལྷག་རེད་འདུག རུ་མི་མི་ཉུང་བ་ཞིག་གིས་གོས་མཐུག་པོ་གྱོན་ཡོད། ས་མཐོར་ཐེངས་དང་པོ་འབྱོར་བས་དགའ་ཚོར་དང་སེམས་འགུལ་ཆེན་པོ་ཐེབས་ནས་གནས་སྐབས་གཟུགས་པོ་མི་བདེ་བ་དང་ལམ་བར་གྱི་ངལ་དུབ་ལས་སྒྲོལ་ཐུབ་པ་བྱུང་ཡོད། ས་མཐོར་ལས་ཀ་སྒྲུབ་ནས་ལོ་གཅིག་སོང་བའི་རུ་མི་རྒན་གྲས་ཚོས་དཀར་གཙང་མཇལ་དར་རེ་རེ་ཕུལ་བ་རེད།
     “ཁག་སྔོན་མ་ཐོན་སྐབས་གནམ་གྲུ་འགོར་འགྱངས་བྱས་མེད། ནམ་མཁའ་ཡང་གཡའ་དག་པ་རེད། ད་ལོ་ཁྱོད་ཚོར་མཉམ་པར་ནག་ཐིང་ཐིང་ཞིག་རྒྱག་རྒྱུ་ལས་མ་འདས”ཞེས་པེ་ཅིང་གི་བོད་སྐྱོར་སྨན་པ། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཡོན་ཀྲང་རེན་དབྱི་ཡིས་གད་མོ་དགོད་བཞིན་དུ་ཚང་མར་དྲན་རྟེན་པར་བརྒྱབ་་པ་རེད། “གསལ་པོར་མཐོང་མི་ཐུབ་ཀྱང་དྲན་གསོ་བྱེད་འོས་པའི་དུས་ཚོད་ཅིག་རེད”ཅེས་བརྗོད།
     རུ་མི་རྣམས་གཅིག་རྗེས་གཉིས་མཐུད་ངང་གནས་སྐབས་སུ་སྡོད་པའི་མགྲོན་ཁང་དུ་འབྱོར་སྐབས་མཚན་གུང་ལ་ཉེ་བ་རེད། ཉིན་ཕྱེད་ཙམ་ལ་དཀའ་ལས་མྱངས་ཀྱང་ཟ་མ་ཅི་ཡང་མ་རག་པས། མགྲོན་ཁང་གི་རང་འདེམས་ཟ་མ་ནི་ཁོ་ཚོ་བོད་ལྗོངས་སུ་འབྱོར་རྗེས་ཀྱི་ཟ་མ་དང་པོར་གྱུར།
     པེ་ཅིང་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ལས་བྱེད་པ་དང་མི་དོན་ཁྲུའི་ཁྲུའུ་ཀྲང་གཞོན་པ་ཀྲི་ལི་ཕིང་གིས་པེ་ཅིང་གི་བོད་སྐྱོར་སྨན་བཅོས་ལས་དོན་གྱི་འགན་འཁུར་ཞིང་། 1999ལོ་ནས་བཟུང་ཁོང་སྔ་རྗེས་སུ་ཐེངས་30ལྷག་ཙམ་བོད་ལྗོངས་སུ་ཕེབས་པ་དང་། ཐེངས་རེ་རེར་ཁོང་གིས་བོད་སྐྱོར་སྨན་བཅོས་རུ་མི་ཁག་གསར་པ་དང་མཉམ་དུ་ལྷ་སར་ཡོང་བ་རེད།
     “ཚང་མས་དགོང་མོ་ཉུང་ཙམ་ཟོས་དང་། གྲོད་པ་རྒྱགས་དྲགས་ན་ས་མཐོར་མི་འཕྲོད་པའི་གནས་ཚུལ་ཇེ་སྡུག་ཏུ་འགྲོ་རྒྱུ་རེད།” ཀྲི་ལི་ཕིང་ནི“བོད་སྐྱོད་པ་རྒན་གྲས”ཤིག་ཏུ་གྱུར་ཡོད། རུ་མི་ཚོར“ཟ་མ་ཟོས་རྗེས་ཚང་མ་འཕྲལ་དུ་་ཕྱིར་ལོག་ནས་ངལ་གསོ་རྒྱག་དགོས་པ་དང་། ཉལ་ཁར་ངེས་པར་དུ་དབྱང་རྔུབ་དགོས། སང་ཉིན་སུ་ཡང་ཕྱིར་སོང་ནས་འཆམ་འཆམ་བྱས་མི་ཆོག ངལ་གསོ་ཡག་པོ་བྱེད་པ་ཡང་ལས་འགན་རེད”ཅེས་ནན་བཤད་བྱས།
     རུ་མི་རྒན་གྲས་མི་ཉུང་བ་ཞིག་གིས་སྔ་ས་ནས་མགྲོན་ཁང་དུ་སྒུག་ནས་བསྡད་ཡོད་པས་ལས་རོགས་གསར་པ་དང་འཕྲད་སྐབས་ཚང་མར་ཁ་ལག་ཟ་ཏུ་བཅུག
     རུ་མི་གསར་པ་བཀོད་སྒྲིག་ཡག་པོ་བྱས་རྗེས་ཐོ་རེངས་ཆུ་ཚོད་1པོར་སླེབས་ཡོད། སྐབས་དེར་རུ་མི་རྒན་གྲས་ཚོ་གཞི་ནས་ཕྱིར་ལོག་པ་རེད།
     མི་ཚོགས་ཁྲོད་དུ། གསར་འགོད་པས་པེ་ཅིང་དུས་རབས་སྟེགས་བུ་སྨན་ཁང་གི་བོད་སྐྱོར་སྨན་པ་ཅ་མོང་མཐོང་བྱུང་། ཁོང་གིས་གནས་ཚུལ་དེ་རིགས་ལས་ལོ་གཅིག་གོང་རང་ཉིད་སླེབས་མ་ཐག་པའི་རྣམ་པ་དྲན་བཅུག་ལ། ཁོང་ལ་སྨན་བཅོས་རུ་ཁག་སྔོན་མ་དང་ཁ་བྲལ་སྐབས་ཀྱི་རྣམ་པ་དེ་དྲན་དུ་བཅུག་བྱུང་ཞེས་བརྗོད།
     “དེ་ནི་གཟའ་པ་སངས་ཤིག་ཡིན། ཞོགས་པའི་གནམ་གྲུ་ཡིན་པས་ནམ་མ་ལངས་གོང་ཁོ་ཚོ་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་ལ་བསྡད་དེ་གནམ་གྲུ་ཐང་ལ་བསྐྱོད་པ་རེད། སྐབས་དེར་ང་སྐྱེལ་མ་བྱེད་དུ་སོང་བ་ཡིན། ཚང་མས་སྐད་ཆ་བཤད་པ་ཧ་ཅང་ཉུང་ལ། ལམ་བར་དུ་རླངས་འཁོར་ཡང་མེད་པས་ཁོ་ཚོ་འདི་ལྟར་ཁ་རོག་གེར་བུད་སོང”ཞེས་ཅ་མོང་གིས་བཤད། ལོ་ལྟར་འདི་གར“རྙིང་དོར་གསར་བསུ”འདི་འདྲ་བྱེད་ཀྱི་ཡོད། གཅིག་བྱས་ན་ཉིན་འགའ་སོང་རྗེས་ང་ཚོ་ཡང་འདི་ལྟར་ཁ་རོག་གེར་ཁ་བྲལ་སྲིད”ཅེས་བརྗོད།
     ཅ་མོང་གི་བསམ་ཡུལ་ལས་འདས་པ་ཞིག་ལ་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་སྨན་དོན་མི་སྣས་ཁོང་ཚོ་ཁ་རོག་གེར་ཁ་བྲལ་དུ་འཇུག་འདོད་མེད།
     ཟླ་8ཚེས་1ཉིན་གྱི་ཞོགས་པ་སྔ་པོ་ནས་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་ལས་རོགས་ཚོས་ས་མཐོ་ནས་ཁ་བྲལ་གྲབས་ཡོད་པའི་པེ་ཅིང་གི་བོད་སྐྱོར་སྨན་དོན་མི་སྣ་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་སུ་ཁྲིད་དེ་རི་སྔོ་ཆུ་དྭངས་དང་གནམ་སྔོན་སྤྲིན་དཀར་བར་ཁོང་ཚོར་གླིང་ག་གཏོང་ནས་ཞལ་གྱེས་ཞུས་པ་རེད།
     ལོ་5ཡི་རིང་། པེ་ཅིང་བོད་སྐྱོར་སྨན་བཅོས་རུ་ཁག་གི་རོགས་རམ་འོག་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གིས་ཀ་པ་རིམ་པ་གསུམ་པའི་ཕྱོགས་བསྡུས་སྨན་ཁང་གྲུབ་འབྲས་ཐོབ་པའི་ངང་བཏོད་པ་དང་། བོད་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་རིམ་པའི་ཀ་པ་རིམ་པ་གསུམ་པའི་ཕྱོགས་བསྡུས་སྨན་ཁང་ཐོག་མ་དེར་གྱུར་ནས་སྒོ་བསྟེན་སྨན་བཅོས་བྱེད་ཚད་མི་ཐེངས་ཁྲི་30ལས་བརྒལ་ཡོད་པ་རེད།
【1】  【2】
༄༅༎ལྷག་བསམ་དཀར་པོ་གངས་ལྗོངས་ལ་བཅངས།