འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་5ཉིན།

༄༅༎ཨ་རིས་ཁྱུག་དབྱིངས་ཀྱི་ཕྱི་རྒྱལ་པར་གཞི་སོགས་ཀྲུང་གོའི་མཉེན་ཆས་ལ་བྱ་ཐབས་སྤྱོད་རྒྱུའི་འཇིགས་སྣང་སྐུལ་བར་
ཕྱི་འབྲེལ་པུས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ལུགས་བསྟན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་05ཉིན། 10:26】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཚེས་3ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་དབང་ཝུན་པིན་གྱིས། ཨ་རི་ཕྱོགས་ཀྱིས་དཔང་རྟགས་གང་ཡང་བཏོན་རྒྱུ་མེད་པའི་གནས་ཚུལ་འོག་འབྲེལ་ཡོད་ཁེ་ལས་ལ་མ་ཉེས་ཁག་གཡོགས་བྱེད་པ་དང་འཇིགས་སྣང་སྐུལ་བར་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། གཞན་ཡང་། ཨ་རི་ཕྱོགས་ཀྱི་མི་ཁ་ཤས་ལ་དཔལ་འབྱོར་ཚོང་དོན་གྱི་གནད་དོན་ཆབ་སྲིད་ཅན་དུ་སྒྱུར་མཚམས་འཇོག་དགོས་པ་དང་རྒྱལ་ཁབ་ཀྱི་བདེ་འཇགས་ཞེས་པའི་ཐ་སྙད་གང་བྱུང་དུ་སྤྱད་དེ་མཐོང་ཆུང་དང་ཕྱི་མི་ཕྱིར་འབུད་ཀྱི་སྲིད་ཇུས་ཁྱབ་སྤེལ་གཏོང་མཚམས་འཇོག་དགོས་པའི་འབོད་སྐུལ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
     ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག གསར་འགོད་པ་ཞིག་གིས་དྲིས་དོན། ཨ་རིའི་རྒྱལ་དོན་བློན་ཆེན་ཧྥེང་ཕེ་ཨའོ་ཡིས་ཚེས་2ཉིན་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་ཐེ་རོན་ཕུ་སྲིད་གཞུང་གིས་ཨ་རིའི་རྒྱལ་ཁབ་བདེ་འཇགས་ལ་འཇིགས་སྣང་བཟོས་པ་ངོས་འཛིན་བྱས་པའི་ཀྲུང་གོའི་མཉེན་ཆས་ཁག་གཅིག་ལ་མགྱོགས་མྱུར་བྱ་ཐབས་སྤྱོད་རྒྱུ་དང་། དེའི་ནང་ཁྱུག་དབྱིངས་ཀྱི་ཕྱི་རྒྱལ་པར་གཞི(TikTok)དང་སྐད་འཕྲིན་སོགས་ཚུད་ཡོད་ཅེས་བརྗོད་འདུག ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ།
     དབང་ཝུན་པིན་གྱིས། ཨ་རི་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ཞེས་པའི་ཐ་སྙད་ཀྱི་ཁྱབ་རྒྱ་ཆེ་རུ་བཏང་ནས་དཔང་རྟགས་གང་ཡང་བཏོན་རྒྱུ་མེད་པའི་གནས་ཚུལ་འོག་འབྲེལ་ཡོད་ཁེ་ལས་ལ་མ་ཉེས་ཁག་གཡོགས་བྱེད་པ་དང་འཇིགས་སྣང་སྐུལ་བ་དེ་ནི་ཁྲོམ་རའི་དཔལ་འབྱོར་གྱི་རྩ་དོན་ལས་འགལ་ཞིང་། ཨ་རི་ཕྱོགས་ཀྱི་དྲང་གཞག་དང་རང་དབང་ལ་སྲུང་སྐྱོང་བྱེད་དགོས་ཟེར་བའི་གཡོ་རྫུས་རང་བཞིན་དང་དཔེ་མཚོན་གྱི་ཚད་གཞི་གཉིས་ལྡན་དམར་རྗེན་དུ་མངོན་ཡོད་ལ། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒོ་དབྱེ་དང་། ཕྱི་གསལ་ནང་གསལ། མཐོང་ཆུང་མི་བྱེད་པ་བཅས་ཀྱི་རྩ་དོན་ལས་ཀྱང་འགལ་ཡོད་པས། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
     དབང་ཝུན་པིན་གྱིས“ང་ཚོས་ཨ་རི་ཕྱོགས་ཀྱི་མི་ཁ་ཤས་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འབོད་སྒྲ་ནན་ཏན་ངང་ཉན་ནས་རྒྱལ་ཁབ་ཁག་གི་ཁྲོམ་རའི་བྱེད་པོས་ཨ་རིར་མ་འཇོག་དང་གཉེར་སྐྱོང་བྱེད་པར་སྒོ་དབྱེ་དང་། དྲང་གཞག དྲང་བདེན། མཐོང་ཆུང་མི་བྱེད་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་ཅིག་བཏོད་ནས་དཔལ་འབྱོར་ཚོང་དོན་གྱི་གནད་དོན་ཆབ་སྲིད་ཅན་དུ་སྒྱུར་མཚམས་འཇོག་དགོས་པ་དང་རྒྱལ་ཁབ་ཀྱི་བདེ་འཇགས་ཞེས་པའི་ཐ་སྙད་གང་བྱུང་དུ་སྤྱད་དེ་མཐོང་ཆུང་དང་ཕྱི་མི་ཕྱིར་འབུད་ཀྱི་སྲིད་ཇུས་ཁྱབ་སྤེལ་གཏོང་མཚམས་འཇོག་དགོས་པའི་འབོད་སྐུལ་བྱ་རྒྱུ་ཡིན”ཞེས་བརྗོད་པ་རེད།