འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་4ཉིན།

༄༅།།ཉིང་ཞས་སྣོད་བཅུད་ཁོར་ཡུག་དང་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ལ་གཏོར་བཤིག་བཏང་བའི་ཁྲིམས་འགལ་ཉེས་
གསོག་ལ་རྡུང་རྡེག་ནན་པོ་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་04ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་ཡིང་ཁྲོན་ནས་ཟླ་8ཚེས་2ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། ཉིང་ཞ་ཡི་སྤྱི་བདེ་དང་། རང་བྱུང་ཐོན་ཁུངས། སྣོད་བཅུད་ཁོར་ཡུག་སོགས་སྡེ་ཚན་7གྱིས་མཉམ་དུ་སྣོད་བཅུད་ཁོར་ཡུག་དང་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་ཉེས་གསོག་ལ་ཁྲིམས་ལྟར་རྡུང་རྡེག་ནན་པོ་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་བ་རེད། ཆེད་དོན་བྱ་སྤྱོད་དེ་དུས་ཡུན་ལོ་ཕྱེད་རིང་སྤེལ་རྒྱུ་ཡིན་པ་དང་། གཙོ་བོ་རྨ་ཆུའི་ཉིང་ཞ་དུམ་བུ་དང་། རི་བོ་ཧོ་ལན། རི་བོ་ལིའུ་ཧྥན་ཧྲན་བཅས་དང་དེ་བཞིན་རི་བོ་ལུའོ་ཧྲན་སོགས་ས་ཁོངས་གཙོ་བོར་དམིགས་ནས་སྣོད་བཅུད་ཁོར་ཡུག་དང་རི་སྐྱེས་སྲོག་ཆགས་ལ་གནོད་འཚེ་གཏོང་བའི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་རྒྱུ་རེད།
   ངོ་སྤྲོད་བྱས་པར་གཞིགས་ན། ད་རེས་ཀྱི་ཆེད་དོན་བྱ་སྤྱོད་སྤེལ་བའི་དམིགས་ཡུལ་ནི་སྣོད་བཅུད་ཁོར་ཡུག་དང་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་ཉེས་གསོག་གི་རྣམ་པ་གསར་པར་ཁ་གཏད་ཡག་པོ་གཅོག་པ་དང་། སྣོད་བཅུད་ཁོར་ཡུག་དང་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་གཙོ་གནད་གཏན་འཁེལ་བྱེད་པ། ཁྲིམས་འགལ་ངང་གཏེར་ཁ་དང་བྱེ་རྡོ་སྔོག་པ་དང་། ཁྲིམས་འགལ་ངང་ས་ཆུ་སྤྱོད་པ། ཁྲིམས་འགལ་ངང་ཞིང་སྤྱོད་ས་ཞིང་ཧམ་བཟུང་བྱེད་པ། ཁྲིམས་འགལ་ངང་རི་སྐྱེས་སྲོག་ཆགས་རྔོན་པ་དང་། གསོད་པ། ཁྲིམས་འགལ་ངང་ནགས་ཤིང་རྐུ་གཅོད་བྱེད་པ། ཁྲིམས་འགལ་ངང་ཆུའི་ཐོན་རྫས་འཛིན་བཟུང་བྱེད་པ་སོགས་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་ལ་ཆད་པ་ནན་པོ་གཅོད་རྒྱུ་དེ་རེད།
   ད་ཐེངས་ཀྱི་ཆེད་དོན་བྱ་སྤྱོད་ཀྱིས་སྣོད་བཅུད་ཁོར་ཡུག་དང་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ལ་གཏོར་བཤིག་བཏང་བའི་རྐྱེན་གྱིས་སྲིད་འཛིན་གྱི་ཆད་པ་དང་ཉེས་དོན་རྡུང་རྡེག་ཕོག་མྱོང་ཡོད་པ་དང་། དེ་དང་འབྲེལ་ཡོད་མི་སྣ། ཁེ་ལས་ཀྱི་གཉེར་སྐྱོང་དོ་དམ་མི་སྣ་སོགས་གཙོ་གནད་མི་སྣར་དམ་བསྒྲགས་བྱས་ནས་སྒྲིག་འགལ་ངང་རྡོ་སོལ་དང་བྱེ་རྡོ་ལྐོག་འདྲེན་རླངས་འཁོར་དང་། རི་སྐྱེས་སྲོག་ཆགས་སྐྱེལ་འདྲེན་རླངས་འཁོར། ཉེན་ཡོད་ཟོག་རོ་སྐྱེལ་འདྲེན་བྱེད་མཁན་ཁེ་ལས་ཁོངས་གཏོགས་ཀྱི་རླངས་འཁོར་ལ་ཞིབ་བཤེར་ནན་པོ་བྱས་ཏེ། ཞིབ་གཅོད་དབྱེ་ཞིབ་དང་། གྲལ་བཤེར་གཏིང་ཟབ། ཐབས་ལམ་རྒྱ་ཆེར་བཏང་ནས་འཚོལ་ཞིབ་གཏིང་ཟབ་སོགས་བྱ་རྒྱུ་རེད།
    གཞན་ཡང་ཆེད་དོན་བྱ་སྤྱོད་ཀྱིས་ད་དུང་གཏེར་རི་དང་། བྱེ་རྡོ་སྔོག་པ། བཙོ་སྦྱང་། ཤོག་བཟོ། སྨན་བཟོ། རྡོ་སྣུམ་བཙོ་སྦྱང་། དེ་བཞིན་རི་སྐྱེས་སྲོག་ཆགས་འདུལ་གསོ་སྐྱེ་འཕེལ་སོགས་གཙོ་གནད་ལས་རིགས་ཀྱི་ཁྱབ་ཁོངས་10ཡི་རྒྱུན་གཏན་གྱི་དོ་དམ་ཡག་པོ་མ་བྱུང་བའི་རིགས་ལ་གསེད་བཀྲོལ་བྱེད་པ་དང་སྣོད་བཅུད་ཁོར་ཡུག་དང་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་ཉེན་ཁའི་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་གྲལ་བཤེར་དང་དག་ཐེར་བྱེད་པ་དང་། ལྟ་འདོམས་ཀྱི་ཁུག་ཀྱོག་དང་ཁྲིམས་འཛིན་གྱི་ཁུག་ཆ་མེད་པར་བཟོ་བ། ལས་རིགས་ཕྱོགས་སྒྱུར་རིམ་སྤོར་ལ་ལྡོག་སྐུལ་བཅས་བྱེད་རྒྱུ་རེད།