འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་4ཉིན།

༄༅།།ཀྲུང་གོའི་དཔལ་འབྱོར་གྱིས་བསྐྱར་འཕར་རྣམ་པ་མུ་མཐུད་རྒྱུན་འཁྱོངས་ཐུབ་པ།

བཟོ་སྐྲུན་ལས་རིགས་ཀྱི་PMIཟླ་5བསྟུད་མར་50%ཡན་དུ་འཁོར་རྒྱུག་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་04ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ● ཟླ་7པའི་བཟོ་སྐྲུན་ལས་རིགས་ཀྱི་ཉོ་སྒྲུབ་བདག་གཉེར་སྟོན་གྲངས་མུ་མཐུད་མཐོ་རུ་ཕྱིན་པ་དེ་ཐོག་ནས་ཀྲུང་གོའི་དཔལ་འབྱོར་གྱི་བསྐྱར་འཕར་རྣམ་པ་མུ་མཐུད་རྒྱུན་འཁྱོངས་ཐུབ་པ་མཚོན་ཐུབ།
    ● རིམས་ནད་ཀྱིས་བསྟུད་མར་ཤུགས་རྐྱེན་ཕོག་སྟེ་རྙོག་འཛིང་ཆེ་བའི་ཕྱི་རོལ་གྱི་ཁོར་ཡུག་འོག རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་སླར་གསོའི་རྣམ་པ་མུ་མཐུད་རྒྱུན་འཁྱོངས་ཐུབ་ཡོད། ཕྱིར་གཏོང་གི་མངགས་ཐོ་གསར་འཕར་གྱི་སྟོན་གྲངས་48.4%ཟིན་པ་དེ་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་5.8འཕར་ནས་རིམས་ནད་ཐོན་ཚུན་གྱི་ཆུ་ཚད་མཐོ་ཤོས་བཏོད་ཡོད།
    ● འཛད་སྤྱོད་དངོས་རྫས་ལས་རིགས་སླར་གསོ་བྱུང་ནས་འཛད་སྤྱོད་དངོས་རྫས་ལས་རིགས་ཀྱི་PMI51.6%ཟིན་པ་དེ་ཟླ་གོང་མ་དང་བསྡུར་ན་བརྒྱ་ཆའི་གྲངས་0.6འཕར་བ།
    ● སྦྲག་སྲིད་ལས་རིགས་ཀྱི་ཚོང་དོན་བྱེད་སྒོའི་སྟོན་གྲངས་དང་མངགས་ཐོ་གསར་པའི་སྟོན་གྲངས་གཉིས་ཀ་ཟླ་གོང་མ་དང་བསྡུར་ན་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ནས་སྟོན་གྲངས་གཉིས་ཀ་60%ལས་བརྒལ་ཡོད། གློག་འཕྲིན་འབྲེལ་ཡོད་ཞབས་ཞུའི་ལས་རིགས་ཀྱི་ཚོང་དོན་བྱེད་སྒོའི་སྟོན་གྲངས་ཟླ་4བསྟུད་མར་60%ཡན་འཁོར་རྒྱུག་བྱས་ནས་ཟླ་གོང་མ་ལས་མངོན་གསལ་དོད་པོས་འཕར་ཡོད།
    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་8ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་31ཉིན། ཀྲུང་གོའི་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་དང་རྒྱལ་ཁབ་བསྡོམས་རྩིས་ཅུས་ཞབས་ཞུ་ལས་རིགས་བརྟག་དཔྱད་ལྟེ་གནས་ཀྱིས་ཁྱབ་བསྒྲགས་བྱས་པར་གཞིགས་ན། ཟླ་7པའི་ཀྲུང་གོའི་བཟོ་སྐྲུན་ལས་རིགས་ཀྱི་ཉོ་སྒྲུབ་བདག་གཉེར་སྟོན་གྲངས(PMI)51.1%ཟིན་པ་དེ་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་0.2འཕར་ཡོད། ཟླ་7པའི་བར་བཟོ་སྐྲུན་ལས་རིགས་ཀྱི་PMIཟླ་5བསྟུད་མར་50%ཡན་དུ་འཁོར་རྒྱུག་བྱས་པ་དང་། ལྷག་དོན་དུ་ཟླ་7པར་སྟོན་གྲངས་དེ་51%ཡན་བསྐྱར་འཕར་བྱུང་ནས་དཔལ་འབྱོར་མགྱོགས་མྱུར་བསྐྱར་འཕར་ཐུབ་པ་མངོན་ཡོད།
    ཞིབ་ཅིང་ཕྲ་བར་བལྟས་ན། ཟླ་7པར་བཟོ་སྐྲུན་ལས་རིགས་ཀྱི་ལས་རིགས་21ཁྲོད་ལས་རིགས་17གྱི་ཉོ་སྒྲུབ་བདག་གཉེར་སྟོན་གྲངས་50%ལས་མཐོ་བ་ཡོད་པ་དང་ལས་རིགས་13ཟླ་གོང་མ་དང་བསྡུར་ན་འཕར་ཡོད། ཁེ་ལས་ཆེ་འབྲིང་གི་ཉོ་སྒྲུབ་བདག་གཉེར་སྟོན་གྲངས་ཟླ་5བསྟུད་མ་དང་ཟླ་2བསྟུད་མར་ཁག་སོ་སོར་50%ཡན་རྒྱུན་འཁྱོངས་བྱས་པ་དང་། མིག་སྔར་ཁེ་ལས་ཆུང་གྲས་བསྐྱར་འཕར་གྱི་རྣམ་པ་ཞི་ལྷོད་དུ་སོང་ཡང་ཐོན་སྐྱེད་བྱེད་སྒོ་བལྟོས་བཅས་བརྟན་པོ་ཡོད་པ་རེད།
   “ཟླ་7པའི་བཟོ་སྐྲུན་ལས་རིགས་ཀྱི་ཉོ་སྒྲུབ་བདག་གཉེར་སྟོན་གྲངས་མུ་མཐུད་མཐོ་རུ་ཕྱིན་པ་དེ་ཐོག་ནས་ཀྲུང་གོའི་དཔལ་འབྱོར་གྱི་བསྐྱར་འཕར་རྣམ་པ་མུ་མཐུད་རྒྱུན་འཁྱོངས་ཐུབ་པ་མཚོན་ཐུབ”ཅེས་རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཀྲང་ལི་ཆུན་གྱིས་བརྗོད་པ་དང་། ཁོང་གིས་རིགས་དབྱེའི་སྟོན་གྲངས་ནས་བལྟས་ན། ཐོན་སྐྱེད་དང་མཁོ་སྤྲོད་ཕྱོགས་ཀྱི་དམིགས་ཚད་གཉིས་ཀས་བསྐྱར་འཕར་གྱི་རྣམ་པ་རྒྱུན་འཁྱོངས་བྱས་པ་དེ་ཐོག་ནས་བཟོ་སྐྲུན་ལས་རིགས་སླར་གསོ་དང་བསྐྱར་འཕར་བྱེད་པ་དེ་ཕྱོགས་ཡོངས་ཀྱི་རྣམ་པ་ཞིག་ཡིན་པ་དང་། ཐོན་སྐྱེད་འཁོར་རྒྱུག་ནི་ཤར་བགྲོད་ཡིན་པ་དང་མགྱོགས་སུ་འགྲོ་བཞིན་ཡོད་པ་མཚོན་ཐུབ། མིག་སྔར། ནང་མཁོ་རྒྱ་ཆེར་གཏོང་བའི་ལས་དོན་ཁག་ལ་སྔར་བས་དམ་འཛིན་ཡག་པོ་བྱས་ཏེ་གཞི་ཁྱོན་ཧ་ཅང་ཆེ་བའི་རྒྱལ་ནང་ཁྲོམ་རའི་མ་འཇོག་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་ཏན་ཏིག་ངང་འཕེལ་བ་དང་མངོན་པ་བྱས་ནས་ཀྲུང་གོའི་དཔལ་འབྱོར་བསྐྱར་འཕར་གྱི་འཕེལ་ཕྱོགས་བཟང་པོ་དེ་བས་བརྟན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བརྗོད།
    ཕྱིར་གཏོང་ནང་འདྲེན་གྱི་སླར་གསོའི་རྣམ་པ་མུ་མཐུད་རྒྱུན་འཁྱོངས་ཐུབ་ཅིང་། ཟླ་7པར་རིམས་ནད་ཀྱིས་བསྟུད་མར་ཤུགས་རྐྱེན་ཕོག་སྟེ་རྙོག་འཛིང་ཆེ་བའི་ཕྱི་རོལ་གྱི་ཁོར་ཡུག་འོག རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་སླར་གསོའི་རྣམ་པ་མུ་མཐུད་རྒྱུན་འཁྱོངས་ཐུབ་ཡོད། ཕྱིར་གཏོང་གི་མངགས་ཐོ་གསར་འཕར་གྱི་སྟོན་གྲངས་48.4%ཟིན་པ་དེ་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་5.8འཕར་ནས་རིམས་ནད་ཐོན་ཚུན་གྱི་ཆུ་ཚད་མཐོ་ཤོས་བཏོད་ཡོད་ལ། ཟླ་3བསྟུད་མར་འཕར་ཡོད། ནང་འདྲེན་སྟོན་གྲངས་49.1%ཟིན་པ་དེ་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་2.1འཕར་ནས་འདི་ལོའི་ནང་གི་མཐོ་གསར་བཏོད་ཡོད།
   འཛད་སྤྱོད་དངོས་རྫས་དང་སྒུལ་ནུས་གསར་པའི་ལས་རིགས་མགྱོགས་མྱུར་འཕར་ཞིང་། ཟླ་7པར་འཛད་སྤྱོད་དངོས་རྫས་ལས་རིགས་སླར་གསོ་བྱུང་ནས་འཛད་སྤྱོད་དངོས་རྫས་ལས་རིགས་ཀྱི་PMI51.6%ཟིན་པ་དེ་ཟླ་གོང་མ་དང་བསྡུར་ན་བརྒྱ་ཆའི་གྲངས་0.6འཕར་ནས་ཟླ་4བསྟུད་མར་བཟོ་སྐྲུན་ལས་རིགས་ཡོངས་ལས་མཐོ་བ་ཡོད་པ་དང་ཐོན་སྐྱེད་ཀྱི་སྟོན་གྲངས་དང་མངགས་ཐོ་གསར་པའི་སྟོན་གྲངས་གཉིས་ཀ་འཕར་ཡོད། སྒུལ་ནུས་གསར་པའང་རྒྱུན་མཐུད་ངང་མགྱོགས་མྱུར་འཕར་ནས་རང་རྒྱལ་གྱི་ཚན་རྩལ་འཕེལ་རྒྱས་འགྲོ་མགྱོགས་སུ་ཕྱིན་ཡོད། ལག་རྩལ་མཐོ་བའི་ཐོན་ལས་ཀྱི་PMIཟླ་གོང་མ་ལས་བརྒྱ་ཆའི་གྲངས་0.2འཕར་ནས་51.3%ལ་སླེབས་ཡོད། དེའི་ནང་མངགས་ཐོ་གསར་པའི་སྟོན་གྲངས་བརྒྱ་ཆའི་གྲངས་0.5འཕར་ནས་52.5%ཟིན་ཡོད། སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་PMI51.8%ཟིན་པ་དེ་བཟོ་སྐྲུན་ལས་རིགས་ཡོངས་ལས་མཐོ་བ་དང་དེའི་ནང་ཐོན་སྐྱེད་ཀྱི་སྟོན་གྲངས་55.8%ཀྱི་ཆུ་ཚད་མཐོ་པོ་རྒྱུན་འཁྱོངས་ཐུབ་ཡོད།
    ཀྲུང་གོའི་ཟོག་འགྲེམས་ཆ་འཕྲིན་ལྟེ་གནས་ཀྱི་དབྱེ་ཞིབ་མཁས་ཅན་ཝུན་ཐའོ་ཡིས། ཟླ་7པར་མངགས་ཐོ་གསར་པའི་སྟོན་གྲངས་51.7%ཟིན་ནས་50%ཡན་དུ་རྒྱུན་འཁྱོངས་ཐུབ་པ་དེ་ཟླ་གོང་མ་ལས་འཕར་ཡོད། འོན་ཀྱང་སྟོན་གྲངས་ཀྱི་འཕར་ཚད་དང་ཁེ་ལས་ཀྱི་མངོན་ཚུལ་ལས་བལྟས་ན། མངཌ་ཐོ་གསར་པའི་སྟོན་གྲངས་དེ་ཐོན་སྐྱེད་སྟོན་གྲངས་ལས་བརྒྱ་ཆའི་གྲངས་2.3དམའ་བ་ཡོད། “དགོས་མཁོ་སླར་གསོ་ཐུབ་ཚད་དེ་མཁོ་སྤྲོད་ལས་ཞན་པ་ཡོད་པ་དེ་མིག་སྔའི་ཁེ་ལས་ལ་འཕྲད་པའི་གནད་དོན་ཨང་དང་པོ་དེ་རེད”ཅེས་བརྗོད་པ་རེད།
    ཀྲུང་གོའི་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་དང་། རྒྱལ་ཁབ་བསྡོམས་རྩིས་ཅུས་ཞབས་ཞུ་ལས་རིགས་བརྟག་དཔྱད་ལྟེ་གནས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞིར་གཞིགས་ན། ཟླ་7པར་ཀྲུང་གོའི་བཟོ་སྐྲུན་ལས་རིགས་མིན་པའི་ཚོང་དོན་བྱེད་སྒོའི་སྟོན་གྲངས་54.2%ཟིན་པ་དེ་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་0.2ཆག་ཡོད་ཀྱང་ཟླ་2བསྟུད་མར་54%ཡན་དུ་རྒྱུན་འཁྱོངས་ཐུབ་པ་དང་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.5འཕར་ཡོད།
   ཟླ་7པར་བཟོ་སྐྲུན་ལས་རིགས་མིན་པའི་དྲ་ཐོག་ཞབས་ཞུ་མུ་མཐུད་ནས་འཁྲུག་ཆ་དོད་པོ་ཡོད་ལ་སྒུལ་ནུས་གསར་པའི་འཕེལ་ཤུགས་ཀྱང་ཆེན་པོ་ཡོད། སྦྲག་སྲིད་ལས་རིགས་ཀྱི་ཚོང་དོན་བྱེད་སྒོའི་སྟོན་གྲངས་དང་མངགས་ཐོ་གསར་པའི་སྟོན་གྲངས་གཉིས་ཀ་ཟླ་གོང་མ་དང་བསྡུར་ན་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ནས་སྟོན་གྲངས་གཉིས་ཀ་60%ལས་བརྒལ་ཡོད། གློག་འཕྲིན་འབྲེལ་ཡོད་ཞབས་ཞུའི་ལས་རིགས་ཀྱི་ཚོང་དོན་བྱེད་སྒོའི་སྟོན་གྲངས་ཟླ་4བསྟུད་མར་60%ཡན་འཁོར་རྒྱུག་བྱས་ནས་ཟླ་གོང་མ་ལས་མངོན་གསལ་དོད་པོས་འཕར་ཡོད། ཞག་སྡོད་ལས་རིགས་དང་བཟའ་བཏུང་ལས་རིགས་ཀྱི་ཚོང་དོན་བྱེད་སྒོའི་སྟོན་གྲངས་57%ཡན་གྱི་ཆུ་ཚད་མཐོ་པོ་རྒྱུན་འཁྱོངས་ཐུབ་ནས་ཟླ་གོང་མ་ལས་མངོན་གསལ་དོད་པོས་འཕར་བ་དང་ན་ནིང་གི་དུས་མཚུངས་ལས་ལེགས་པ་ཡོད། རིམས་ནད་ཀྱིས་དཔལ་འབྱོར་ལ་ཤུགས་རྐྱེན་ཐེབས་ཤུགས་རིམ་བཞིན་ཆག་འགྲོ་བ་དང་བསྟུན་ནས་གྲོང་མིའི་འཛད་སྤྱོད་བྱེད་སྒོ་ཡང་རྒྱུན་གཏན་ལྟར་འགྱུར་བ་དང་རིམས་ནད་ཀྱི་ཤུགས་རྐྱེན་ཆེ་ཙམ་ཐེབས་པའི་འབྲེལ་ཡོད་ལས་རིགས་ལ་མགྱོགས་མྱུར་སླར་གསོའི་རྣམ་པ་མངོན་ཡོད།