འཚོལ་བཤེར།   
藏文频道
2020ལོའི་ཟླ་7ཚེས་30ཉིན།

༄༅།།རྨང་གཞིའི་སྒྲིག་བཀོད་ལེགས་སུ་བཏང་། དབུལ་སྐྱོར་ལས་ཀར་ཕན་འབྲས་ཐོན།

—— བརྒྱ་གཅིག་གྲོང་རྡལ་གྱི་བདེ་སྐྱིད་འཚོ་བའི་སྐོར་བཀོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་30ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ● སྲིད་གཞུང་གིས་མ་དངུལ་བཏང་ནས་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་བཏང་བ་དང་ཁྱིམ་ཚང་ཚང་མའི་སྒོ་རྩར་སྣུམ་ནག་ལམ་བཟོས་པ་མ་ཟད། གྲོང་ཚོ་དང་གྲོང་ཚོའི་བར་ལའང་རྡོ་གཅལ་བཏིང་ཡོད།
    ● ཐང་ཤིའུ་དབྱིན་གྱི་ཤུགས་རྐྱེན་འོག་ཁྱིམ་མཚེས་ཚང་མས་ལས་ཞུགས་ལས་གཏོད་བྱས་ཏེ་ཕྱུག་པོའི་ལམ་དུ་སྐྱོད་བཞིན་ཡོད།
    མཐོ་དམའི་ཧེ་བག་སྨི་སྟོང་ཟིན་པའི་རི་མ་ལྡེབས་ཀྱི་ལྗོན་ཤིང་གི་གསེབ་ན་བོད་བཟོའི་ཐོག་ཁང་སྟར་པ་དང་སྟར་པ་བྱས་བརྒྱབ་ཡོད། དེ་ནི་བརྒྱ་གཅིག་གྲོང་རྡལ་ཡིན་པ་དང་། སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་རོང་བྲག་རྫོང་མཁར་གྱི་ནུབ་བྱང་གི་སྤྱི་ལེ་6གི་སར་ཆགས་པ་དང་། ས་བབ་མཐོ་ཚད་སྨི་2000ཡོད་པས། ཁོར་ཡུག་མཛེས་ཤིང་དུས་བཞི་སྔོན་པོར་སྡོད་ཀྱི་ཡོད།
    ལོ་53ལ་སླེབས་པའི་ཐང་ཤིའུ་དབྱིན་ནི་བརྒྱ་གཅིག་གྲོང་རྡལ་བརྒྱ་གཅིག་གྲོང་ཚོ་དང་པོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་རེད། ཁོང་སྡོད་སའི་བོད་བཟོའི་ཐོག་ཁང་རི་མ་ལྡེབས་སུ་གནས་ཡོད། ཚོས་གཞི་དམར་པོ་དང་དཀར་པོ་སྤེལ་བའི་གྱང་སྟེང་དུ་མེ་ཏོག་དང་། བྱ་བྱིའུ། ཉ། འབུ་བཅས་ཀྱི་རི་མོ་བྲིས་ནས་ཡོད། ཁང་མིག་13འགྲུལ་པར་སྣེ་ལེན་བྱེད་པར་སྤྱོད་ཀྱི་ཡོད།
    ཐང་ཤིའུ་དབྱིན་ནི་ཁྱིམ་ཚང་འགྲུལ་ཁང་གཉེར་སྔ་བའི་གྲས་ཤིག་ཡིན་པ་དང་། 2000ལོར། སྲིད་གཞུང་གི་འབོད་སྐུལ་དང་ལྕག་སྐུལ་ལ་བརྟེན་ནས་བེད་སྤྱོད་དེ་ཙམ་མེད་པའི་ཁང་པར་སྒྲིག་གཤོམ་གསར་པ་སྒྲིག་ནས་འགྲུལ་ཁང་གཉེར།
   “དེ་དུས་དཀའ་ངལ་ཆེན་པོ་འཕྲད་བྱུང”ཞེས་ཐང་ཤིའུ་དབྱིན་གྱིས་གདོང་གི་གཉེར་མ་རུབ་བཞིན་དུ་སྔོན་གྱི་གནས་ཚུལ་དྲན་པའི་ངང་བཤད། ཁོང་གིས་ཡུལ་མི་ལ་ལའི་འདུ་ཤེས་བལྟོས་བཅས་ཀྱིས་རྙིང་ཞེན་ཡིན་པའི་རྐྱེན་གྱིས་རྒྱུས་མེད་མི་ཁྱིམ་དུ་སྡོད་རྒྱུ་དང་ལེན་ཐུབ་ཀྱི་མེད། “ང་ཚོས་ཁྱིམ་མཚེས་ཐེམ་དུད་30དང་མཉམ་དུ་ཡུལ་མི་གཞན་གྱི་མི་འདོད་པའི་ཚིག་ཟའི་ཁྲོད་ལས་གཏོད་བྱེད་འགོ་བརྩམས་པ་ཡིན”ཞེས་བཤད།
    ལོ་འགའ་སོང་ཟིན་པ་དང་། ཡུལ་མི་ཚོས་ཐང་ཤིའུ་དབྱིན་གྱི་ལས་གཏོད་ལ་གྲུབ་འབྲས་ཐོབ་པར་མཐོང་སྐབས་ལྕག་སྐུལ་ཐེབས་ནས་དེར་ཞུགས་པར་འོང་བ་མ་ཟད། མཉམ་དུ་ཕྱུག་པོའི་ལམ་དུ་བསྐྱོད། ད་ཆ་ཚང་མའི་འདུ་ཤེས་བསྒྱུར་ནས་ཡོང་འབབ་བྱུང་བ་དག་ཁྱིམ་ཚང་འགྲུལ་ཁང་གཉེར་བ་དང་སྤྲོ་སེམས་ཀྱང་འཕེལ་བཞིན་ཡོད”ཅེས་ཐང་ཤིའུ་དབྱིན་གྱིས་བཤད་པ་དང་། ཁོང་གིས་ང་རང་ཁྱིམ་ཚང་འགྲུལ་ཁང་ཐོག་མར་གཉེར་བའི་སྐབས་ཁང་མིག་གཉིས་དང་ཉལ་ཁྲི་6ལས་མེད། ད་ཆ་ཁང་མིག་13ཡོད”ཅེས་བཤད།
    “ཕྲུ་གུ་གསུམ་སློབ་གྲྭར་གཏོང་བའི་སློབ་ཡོན་ཚང་མ་་ཁྱིམ་ཚང་འགྲུལ་ཁང་གཉེར་བ་ལས་འོང་གི་ཡོད། འདི་ལོ་ཕྲུ་གུ་རྒན་པ་གཉིས་ལ་ལས་ཀ་རག་ཟིན་པ་དང་། ཆུང་བའང་གསོ་རིག་སློབ་གླིང་ནས་ཐོན་མ་ཐག་ཡིན་པས་ཁྱིམ་ཚང་གི་འཚོ་བར་དཀའ་ངལ་དེ་ཙམ་ཆེན་པོ་མི་འདུག”ཅེས་བཤད།
     ཁྱིམ་ཚང་འགྲུལ་ཁང་འཕེལ་རྒྱས་བྱུང་བ་ནི་ཁོར་ཡུག་ཆེན་པོ་ལེགས་སུ་ཕྱིན་པ་དང་ཁ་འབྲལ་ཐབས་མེད། དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ཀྱི་སྲིད་ཇུས་བཏོན་པ་དེས་རི་གྲོང་གི་གྲོང་གསེབ་ལ་རྩ་བ་ནས་འགྱུར་ལྡོག་བྱུང་ཞིང་། “ད་ཆ་གྲོང་ཚོས་ཡུལ་སྐོར་སྣེ་ལེན་གྱི་བྱ་བར་བྱང་ཆུབ་པས་ཚང་མས་རང་ཉིད་ཀྱི་བསམ་བློ་འཕེལ་རྒྱས་གཏོང་རྒྱུར་གཞོལ་ནས་འཚོ་བ་ཉིན་བཞིན་ཡག་ཏུ་འགྲོ་བཞིན་ཡོད”ཅེས་ཐང་ཤིའུ་དབྱིན་གྱིས་འཛུམ་དམུལ་དམུལ་ངང་བཤད།
    འདི་ལོ། རིམས་ནད་ཀྱི་ཤུགས་རྐྱེན་གྱིས་ཡོང་འབབ་ཅུང་ཟད་ཆག་ནའང་ཐང་ཤིའུ་དབྱིན་གྱིས་འབྱུང་འགྱུར་ལ་རེ་བས་ཁེངས་ཡོད། ཁོང་གིས“གྲོང་ཚོ་དང་ཁྱིམ་ནས་མི་འབྲལ་བར། ལོ་ལྟར་ཡོང་འབབ་སྒོར་ཁྲི་ཉི་ཤུ་སུམ་ཅུ་ཙམ་ཡོང་གི་ཡོད་པས་འཚོ་བ་འདི་འདྲ་ནི་སྐྱིད་པོ་ཞིག་མ་ཡིན་ནམ”ཞེས་ངོ་གདོང་ལ་འཛུམ་མདངས་འཕྱུར་བཞིན་དུ་བཤད།