འཚོལ་བཤེར།   
藏文频道
2020ལོའི་ཟླ་7ཚེས་29ཉིན།

༄༅།།ཁོང་ཚོས་དཔལ་མགོན་མཚོ་སྲུང་སྐྱོང་བྱེད་བཞིན་ཡོད།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་29ཉིན། 13:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཁོང་ཚོས་དཔལ་མགོན་མཚོ་སྲུང་སྐྱོང་བྱེད་བཞིན་ཡོད།
   མི་དམངས་དྲ་བའི་འཕྲིན། ཀྲུང་གོ་བོད་ལྗོངས་དྲ་བའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། རླངས་འཁོར་བསྡད་ནས་བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་གྱི་རུ་ཐོག་རྫོང་ནས་སྐྱོད་དེ་རྒྱལ་ལམ་219ཡི་ཐོག་སྤྱི་ལེ་12ཙམ་བསྐྱོད་ཚེ། མུ་འབྲེལ་གྱི་རི་བོའི་གསེབ་ཏུ་སྔོ་ཞིང་དྭངས་བ་ཞིག་མིག་ལམ་དུ་འཆར་བ་ནི་དཔལ་མགོན་མཚོ་ཡིན་པ་རེད།
   འདི་ནི་དཔེ་མཚོན་གྱི་ཆུ་ལམ་གཟུགས་ཀྱི་མཚོ་ཞིག་ཡིན་ལ། ཤར་ཚྭ་མེད་ཆུ་དང་ནུབ་ཚྭ་ལྡན་ཆུ་ཡི་མཚོ་ཞིག་ཀྱང་རེད། འདིར་འཛམ་གླིང་ཐོག་རྒྱ་མཚོའི་ངོས་ལས་ས་བབ་ཆེས་མཐོ་བའི་བྱའི་གླིང་ཕྲན་ཡོད་པར་ཁྲུང་ཁྲུང་སྐེ་ནག་དང་། དགོ་བ། ཆུ་སྐྱར་མགོ་ནག་སོགས་རྒྱལ་ཁབ་རིམ་པའི་སྲུང་སྐྱོང་སྲོག་ཆགས་རིགས་བཅུ་ལྷག་ཡོད། ཆུ་བོ་དང་ནམ་མཁའ་གཅིག་ཏུ་སྦྲེལ་ཞིང་། མཚོ་འགྲམ་གྱི་སྔོ་ལྗང་རྩྭ་ཁ་དང་། མཚོ་ངོས་སུ་འཕུར་ལྡིང་བྱེད་པའི་ཆུ་སྐྱར་མགོ་ནག་གིས་ངོ་མཚར་ཅན་གྱི་ཆུ་ཁོངས་འདིར་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་བྱས།  
    དྭངས་གཙང་གི་ཆུ་བོ་དང་མཛེས་སྡུག་ལྡན་པའི་ཆུ་ངོགས་སྲུང་སྐྱོང་བྱ་ཆེད། 2002ལོར་བོད་ལྗོངས་ཀྱི་དཔལ་མགོན་མཚོའི་རང་སྐྱོང་ལྗོངས་རིམ་པའི་འདམ་རའི་རང་བྱུང་སྲུང་སྐྱོང་ཁུལ་ཆོག་མཆན་ཐོབ་ནས་བཙུགས་པ་རེད། 2004ལོར་དཔལ་མགོན་མཚོའི་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་ཆོག་མཆན་ཐོབ་ནས་བཙུགས་པ་རེད། 2007ལོར་འདིར་རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་སྒྲིག་གཞི་བཙུགས་པ་རེད།
   དཔལ་མགོན་མཚོའི་འདམ་རའི་རང་བྱུང་སྲུང་སྐྱོང་ཁུལ་འོག་སྲུང་སྐྱོང་དོ་དམ་ས་ཚུགས་6སྒྲིག་བཀོད་བྱས་ཡོད་ལ། འདམ་ར་སྲུང་སྐྱོང་བྱེད་མཁན་བསོད་ནམས་ཟླ་བ་དང་ས་གནས་དེ་གའི་འབྲོག་པ་30ཡིས་མཉམ་དུ་དཔལ་མགོན་མཚོའི་འདམ་རའི་རང་བྱུང་སྲུང་སྐྱོང་ཁུལ་ལྟ་ཞིབ་ཁྱབ་ཁོངས་སུ་རྒྱུན་རྣམ་ཅན་གྱི་སྐོར་ཞིབ་བྱས་ནས། དུས་ཐོག་ཏུ་ཁྲིམས་འགལ་ངང་ཉ་འཛིན་པ་དང་བྱ་བྱེའུ་ཡི་སྒོ་ང་རྐུ་བ་སོགས་བཀག་འགོག་བྱེད་བཞིན་ཡོད།    
    མཚོ་ངོས་ལ་རྒྱ་མཚོའི་ངོས་ལས་ཆ་སྙོམས་མཐོ་ཚད་སྨི་4240ཡོད་པ་དང་།  སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང་56303.22ཡོད་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་སྲུང་སྐྱོང་སྐོར་ཞིབ་བྱེད་པ་ནི་ལས་སླ་པོ་ཞིག་མ་ཡིན་།  
   “སྔོན་ཆད་མཚོ་འགྲམ་དུ་ཁང་པ་མེད་ཅིང་། བྱ་བྱེའུ་དང་མི་ནི་འཆམ་མཐུན་ངང་གནས་ཡོད། དཔལ་མགོན་མཚོ་སྐད་གྲགས་ཇེ་ཆེར་འགྲོ་བ་དང་། ཡུལ་སྐོར་བ་ཇེ་མང་འགྲོ་བས་བྱ་བྱེའུ་ཡིས་མི་མཐོང་བ་ཙམ་གྱིས་འཕུར་ནས་བྲོས་འགྲོ་གི་འདུག ལོ་དེ་དག་རིང་སྐོར་ཞིབ་བྱས་པ་བརྒྱུད།  བྱ་བྱེའུ་དེ་དག་སླར་ཡང་གནས་འདིར་བདེ་ཞིང་སྐྱིད་པའི་ངང་འཚོ་བཞིན་ཡོད།”ཅེས་བསོད་ནམས་ཟླ་བས་དེ་ལྟར་བཤད། ད་ལྟ་མི་དང་རང་བྱུང་ཁམས་དབར་དེ་བས་འཆམ་མཐུན་ཡོང་བཞིན་ཡོད།
     སྐྱེ་ཁམས་ཁོར་ཡུག་བསྟུན་མར་ཇེ་ལེགས་སུ་འགྲོ་བ་དང་ཆབས་ཅིག་དཔལ་མགོན་མཚོའི་དཔལ་འབྱོར་ཕན་ནུས་དང། ཡུལ་སྐོར་རིན་ཐང་སོགས་ཀྱང་མངོན་གསལ་དོད་པོས་ཇེ་མཐོར་འགྲོ་བཞིན་ཡོད། 2011ལོ་ནས་བཟུང་། ས་གནས་དེ་གས་ཁྱོན་མ་དངུལ་སྒོར་ཁྲི་1220ལྷག་བཏང་ནས། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་འཐུས་ཚང་དུ་བཏང་། 2020ལོའི་ཟླ་6པ་བར་དུ། རུ་ཐོག་རྫོང་དུ་ཡུལ་སྐོར་བ་མི་ཐེངས་69567ཟིན་པ་དང་། ཡུལ་སྐོར་ཡོང་འབབ་སྒོར་ཁྲི་9739བྱུང་བ། ཡུལ་སྐོར་ལས་རིགས་སུ་ལས་ཞུགས་མི་ཐེངས་652ཟིན་པ། དེའི་ཁྲོད་དཔལ་མགོན་མཚོའི་མཛེས་ལྗོངས་ཁུལ་དུ་ས་གནས་དེ་གའི་ཁྱིམ་ཚང་གི་བུ་ཕྲུག་18དང་། དབུལ་པོའི་ཁྱིམ་ཚང་གི་བུ་ཕྲུག་11ལས་ཞུགས་ཐུབ་ཡོད། མང་ཚོགས་ལ་འབབ་འཕར་སྒོར་ཁྲི་19.2བྱུང་ཡོད།
【1】  【2】  【3】
༄༅།།ཁོང་ཚོས་དཔལ་མགོན་མཚོ་སྲུང་སྐྱོང་བྱེད་བཞིན་ཡོད།