འཚོལ་བཤེར།   
藏文频道
2020ལོའི་ཟླ་7ཚེས་29ཉིན།

༄༅།།སྲིད་གཞུང་གི་ལས་དོན་སྙན་ཞུ།

——2020ལོའི་ཟླ་5ཚེས་22ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་ཐོག རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ལི་ཁེ་ཆང་།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་20ཉིན། 10:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

         འཐུས་མི་རྣམ་པ།

         ང་ཚོས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་མགྱོགས་པོར་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་དགོས། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་ཆོས་དད་མང་ཚོགས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཐད་ཐོན་པའི་ཕན་ནུས་འདོན་སྤེལ་བྱེད་དགོས། ཕྱིར་སྡོད་རང་མི་ནི་མེས་རྒྱལ་གྱི་ཡིད་སེམས་འཁྲེང་ས་ཡིན་ལ། མེས་རྒྱལ་དང་འཛམ་གླིང་སྦྲེལ་མཐུད་བྱེད་པའི་ཟམ་པ་གལ་ཆེན་ཡིན་པས། ཕྱིར་སྡོད་རང་མི་དང་ཁོང་ཚོའི་ཁྱིམ་མི་རྣམས་ཀྱི་ཐུན་མོང་མ་ཡིན་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཀྲུང་ཧྭའི་བུ་ཕྲུག་གི་གོང་བུར་འགྲིལ་ཤུགས་ཟམ་མི་འཆད་པར་ཆེ་རུ་བཏང་སྟེ་ཡིད་སེམས་གཅིག་གིས་འོད་སྟོང་ལྡན་པའི་མ་འོངས་པ་གཏོད་དགོས།

ན་ནིང་ནས་བཟུང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ཐད་འཕེལ་རྒྱས་ཆེན་པོ་བྱུང་ཡོད་ལ། མི་དམངས་དམག་དཔུང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཁྲོད་ཏང་གི་བཀོད་འདོམས་ལ་ཉན་པ་དང་། བཀའ་ལ་ཉན་ནས་བྱ་སྤྱོད་སྤེལ་བ། ལས་འགན་ལྗིད་པོ་འཁུར་ཕོད་པ་བཅས་ཀྱི་སྤྱོད་ཚུལ་བཟང་པོ་མངོན་ཡོད། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་ཟབ་མོ་བྱེད་དགོས། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྲུན་བྱེད་པ་དང་། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་དར་རྒྱས་གཏོང་བ། ཤེས་ལྡན་མི་སྣར་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་བྱེད་པ་བཅས་རྒྱུན་འཁྱོངས་བྱེད་དགོས། ཏང་གིས་མི་དམངས་དམག་དཔུང་ལ་མཐའ་གཅིག་ཏུ་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་། དམག་དོན་ཨུ་ལྷན་གྱི་ཀྲུའུ་ཞིའི་འགན་འཁུར་ལམ་ལུགས་དོན་འཁྱོལ་ནན་པོར་བྱེད་དགོས། དམག་སྦྱོང་དང་དམག་འཁྲུག་གི་གྲ་སྒྲིག་ལ་ཤུགས་སྣོན་ཆེན་པོ་བརྒྱབ་སྟེ། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་བློ་རྩ་བརྟན་པོས་སྲུང་སྐྱོང་བྱེད་དགོས། དམག་དཔུང་འཛུགས་སྐྲུན་འཕེལ་རྒྱས་ཀྱི་“ལོ་ལྔ་ཚན་བཅུ་གསུམ་པའི་”འཆར་འགོད་དོན་འཁྱོལ་བྱེད་པའི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ་དང་། དམག་དཔུང་འཛུགས་སྐྲུན་གྱི་“ལོ་ལྔ་ཚན་བཅུ་བཞི་པའི་”འཆར་འགོད་སྒྲིག་བཟོ་བྱེད་དགོས། རྒྱལ་སྲུང་དང་དམག་དཔུང་གི་སྒྱུར་བཅོས་ཟབ་ཏུ་སྤེལ་བ་དང་། རྒྱབ་ཕྱོགས་ཞབས་འདེགས་དང་སྒྲིག་ཆས་ཀྱི་འགན་སྲུང་ནུས་པ་ཆེ་རུ་བཏང་སྟེ། རྒྱལ་སྲུང་ཚན་རྩལ་གསར་གཏོད་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། རྒྱལ་སྲུང་སྐུལ་སློང་མ་ལག་འཐུས་ཚང་དུ་གཏོང་བ་དང་། དམག་སྲིད་དང་དམག་དམངས་ཀྱི་མཐུན་སྒྲིལ་ཐོག་མཐའ་བར་གསུམ་དུ་གོར་མོ་རྡོ་བཞིན་སྲ་ཞིང་བརྟན་པོ་ཡོང་བར་བྱེད་དགོས།

ང་ཚོས་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”དང་། “ཞང་ཀང་པས་ཞང་ཀང་སྐྱོང་བ།” “ཨའོ་མོན་པས་ཨའོ་མོན་སྐྱོང་བ།” ཚད་མཐོའི་རང་སྐྱོང་བྱེད་ཕྱོགས་བཅས་ཕྱོགས་ཡོངས་ནས་དོན་འཁྱོལ་ཡང་དག་བྱེད་ཅིང་། དམིགས་བསལ་སྲིད་འཛིན་ཁུལ་གྱི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་ལམ་ལུགས་སམ་ལག་བསྟར་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་རྩ་ཁྲིམས་ཀྱི་འགན་འཁྲི་དོན་འཁྱོལ་ཡོང་བར་བྱེད་དགོས། ཞང་ཀང་དང་ཨའོ་མོན་གྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས་ཡོང་བར་རྒྱབ་སྐྱོར་བྱེད་པ་དང་། རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་སྔར་བས་མཉམ་འདྲེས་ཐུབ་པ་བྱས་ནས། ཞང་ཀང་དང་ཨའོ་མོན་དུས་ཡུན་རིང་པོར་དར་རྒྱས་དང་བརྟན་ལྷིང་ཡོང་བ་མཐའ་འཁྱོངས་བྱེད་དགོས།

ང་ཚོས་ཐའེ་ཝན་ལས་དོན་ལ་འཛིན་པའི་སྲིད་དོན་གལ་ཆེན་དང་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་“དགུ་གཉིས་ཐུན་མོང་ལྟ་བའི་”རྨང་གཞི་སྟེང་ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། “ཐའེ་ཝན་རང་བཙན་”གྱི་ཁ་ཕྲལ་སྤྱོད་ངན་ལ་བློ་ཐག་རྦད་ཆོད་ཀྱིས་ངོ་རྒོལ་དང་བཀག་འགོག་བྱེད་དགོས། ངོགས་གཉིས་ཀྱི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། ངོགས་གཉིས་ཀྱི་མཉམ་འདྲེས་འཕེལ་རྒྱས་ཟབ་ཏུ་སྤེལ་བ། སྤུན་ཟླ་ཐའེ་ཝན་པའི་བདེ་སྐྱིད་འགན་སྲུང་བྱེད་པ་བཅས་ཀྱི་ལམ་ལུགས་བཀོད་སྒྲིག་དང་སྲིད་ཇུས་བྱེད་ཐབས་འཐུས་ཚང་དུ་གཏོང་དགོས། རྒྱ་ཆེའི་སྤུན་ཟླ་ཐའེ་ཝན་པར་མཐུན་སྒྲིལ་བྱས་ཏེ་ཐུན་མོང་གིས་“ཐའེ་ཝན་རང་བཙན་”ལ་ངོ་རྒོལ་དང་གཅིག་གྱུར་ལ་སྐུལ་འདེད་བཏང་ཚེ། ང་ཚོས་མི་རིགས་བསྐྱར་དར་གྱི་མཛེས་སྡུག་ལྡན་པའི་མ་འོངས་པ་གཏོད་ཐུབ་ངེས་ཡིན།

སྤྱི་པའི་འཕྲོད་བསྟེན་ཉམས་ཉེན་དང་དཔལ་འབྱོར་ཉམས་རྒུད་ཚབས་ཆེན་བྱུང་བ་སོགས་གོ་ལ་ཧྲིལ་པོའི་རང་བཞིན་ལྡན་པའི་འགྲན་སློང་ལ་ཁ་གཏད་འཇལ་བར་རྒྱལ་ཁབ་ཁག་གིས་ལག་གདང་སྦྲེལ་ནས་མདུན་དུ་སྐྱོད་དགོས། ཀྲུང་གོས་རྒྱལ་ཁབ་ཁག་དང་ལྷན་དུ་རིམས་ཟོན་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས། འཛམ་གླིང་གི་དཔལ་འབྱོར་བརྟན་བརླིང་ཡོང་བར་སྐུལ་འདེད་གཏོང་བ་དང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་བྱས་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞི་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་རྒྱུ། ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱིས་ཞི་བདེ་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་སྐྱོད་པ་དང་། སྒོ་འབྱེད་རྒྱ་སྐྱེད་པའི་ཁྲོད་རྒྱལ་ཁབ་ཁག་དང་མཛའ་གྲོགས་མཉམ་ལས་ཇེ་ཟབ་ཏུ་བཏང་དང་གཏོང་བཞིན་ཡོད་པས། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་གི་ཞི་བདེ་བརྟན་བརླིང་དང་ཡར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན།

         འཐུས་མི་རྣམ་པ།

         ཀྲུང་ཧྭ་མི་རིགས་སྔར་ནས་བཟུང་དཀའ་ངལ་དང་ཉེན་ཁར་མི་སྐྲག་ལ། དེང་རབས་ཀྱི་ཀྲུང་གོའི་མི་དམངས་ལ་འགྲན་སློང་གང་རུང་ལས་རྣམ་པར་རྒྱལ་བའི་འགྱུར་མེད་ཀྱི་བློ་སྟོབས་དང་ནུས་པ་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་སྒྲེང་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྟོན་དུ་འཛིན་པ་བཅས་ཀྱིས། དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ་དང་། འབད་འབུངས་ཡར་བརྩོན་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་བ། ལོ་ཧྲིལ་པོའི་དམིགས་འབེན་ལས་འགན་འགྲུབ་པར་འབད་བརྩོན་བྱས་ཏེ། རང་རྒྱལ་འདི་ཉིད་འབྱོར་ཕྱུག་དང་། དམངས་གཙོ། དཔལ་ཡོན། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་དུ་འཛུགས་སྐྲུན་བྱེད་ཆེད་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།

【1】  【2】  【3】  【4】  【5】  【6】