འཚོལ་བཤེར།   
藏文频道
2020ལོའི་ཟླ་7ཚེས་29ཉིན།

༄༅།།སྲིད་གཞུང་གི་ལས་དོན་སྙན་ཞུ།

——2020ལོའི་ཟླ་5ཚེས་22ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་ཐོག རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ལི་ཁེ་ཆང་།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་20ཉིན། 09:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

          གསུམ། སྤྱི་ཁོག་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས་ཁེ་ལས་བརྟན་པོ་དང་ལས་ཞུགས་འགན་སྲུང་གང་ཐུབ་བྱེད་དགོས།

ལས་ཞུགས་དང་དམངས་འཚོ་འགན་སྲུང་བྱེད་པར་ངེས་པར་དུ་ཚོང་རའི་བྱེད་པོ་དུང་ཕྱུར་མང་པོ་བརྟན་པོ་ཡོང་བ་བྱས་ནས། ཁེ་ལས་དང་ལྷག་པར་དུ་ཁེ་ལས་འབྲིང་ཆུང་ཕྲན་གསུམ་མམ་སྒེར་གཉེར་བཟོ་ཚོང་ཐེམ་དུད་རྣམས་དཀའ་གནད་ལས་སྒྲོལ་རོགས་གང་ཐུབ་བྱེད་དགོས།

ཁྲལ་རིན་གཉིས་གཅོག་བྱེད་ཤུགས་ཆེ་རུ་གཏོང་དགོས། དུས་རིམ་རང་བཞིན་གྱི་སྲིད་ཇུས་ལ་ཤུགས་སྣོན་པ་དང་། དེ་ལམ་ལུགས་རང་བཞིན་གྱི་བཀོད་སྒྲིག་དང་ཟུང་འབྲེལ་བྱས་ཏེ། ཆུ་བཏང་ནས་ཉ་གསོ་བ་དང་། ཚོང་རའི་བྱེད་པོའི་དཀའ་ཉེན་སེལ་རོགས་བྱེད་དགོས། ན་ནིང་བཏོན་པའི་གནས་ཐང་འཕར་ཁྲལ་གྱི་ཁྲལ་ཚད་དང་ཁེ་ལས་ཀྱི་རྒན་གསོའི་འགན་བཅོལ་གྲོན་དངུལ་གྱི་ཚད་ཇེ་དམའ་རུ་གཏོང་བའི་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་པ་དང་། གསར་དུ་འཕར་བའི་ཁྲལ་རིན་གཉིས་གཅོག་གི་སྒོར་ཧ་ལམ་དུང་ཕྱུར་5000ཙམ་ཡིན། དུས་འགོར་བཏོན་ནས་ཟླ་པའི་སྔོན་དུ་དུས་ཆད་ཐོན་པའི་ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་ནང་དུ་ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱི་རྒན་གསོ་དང་། ལས་ཤོར། ལས་རྨས་བཅས་ཀྱི་འགན་བཅོལ་སྡེ་ཚན་གྱིས་འཇལ་བ་རྩ་ཆག་གཏོང་བ་དང་། གཞི་ཁྱོན་ཆུང་བའི་ཁྲལ་འཇལ་མཁན་གྱི་གནས་ཐང་འཕར་ཁྲལ་ཆག་ཡང་གཏོང་བ། སྤྱི་པའི་འགྲིམ་འགྲུལ་སྐྱེལ་འདྲེན་དང་། བཟའ་བཏུང་ཞག་སྡོད། ཡུལ་སྐོར་རོལ་རྩེད། རིག་གནས་ལུས་རྩལ་སོགས་ཀྱི་ཞབས་ཞུའི་གནས་ཐང་འཕར་ཁྲལ་ཆག་ཡང་གཏོང་བ། དམངས་སྤྱོད་མཁའ་འགྲུལ་གྱི་འཕེལ་རྒྱས་ཐེབས་རྩ་དང་གྲུ་ཁ་འཛུགས་སྐྲུན་གྲོན་དངུལ་ཆག་ཡང་གཏོང་བ་བཅས་འདུས་ལ། ལག་བསྟར་བྱེད་ཡུན་ཚང་མ་ད་ལོའི་ལོ་མཇུག་བར་རིང་དུ་གཏོང་རྒྱུ། ཁེ་ལས་ཆུང་ཕྲན་དང་སྒེར་གཉེར་བཟོ་ཚོང་ཐེམ་དུད་ཀྱིས་ཐོབ་ཁྲལ་འཇལ་བ་ཚང་མ་ལོ་ཕྱི་མའི་བར་ཕྱིར་འགྱངས་བྱེད་རྒྱུ། སྔོན་དཔག་བྱས་ན་ལོ་ཧྲིལ་པོར་ཁེ་ལས་ཀྱི་ཁུར་པོ་ཡང་དུ་གཏོང་ཚད་སྒོར་དུང་ཕྱུར་ཁྲི་2.5ལས་བརྒལ་བ་འཕར་ངེས། ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་དེ་ཁེ་ལས་སུ་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས། ནགས་རི་སྔོན་པོར་གནས་པ་དང་མ་འོངས་པ་ལས་རྣམ་པར་རྒྱལ་བར་བྱེད་དགོས།

ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་མ་གནས་དམའ་རུ་གཏོང་བར་སྐུལ་འདེད་གཏོང་དགོས། བཟོ་ཚོང་ལས་རིགས་ཀྱི་གློག་རིན་5%གཅོག་པའི་སྲིད་ཇུས་དེ་ད་ལོའི་ལོ་མཇུག་བར་རྒྱུན་སྲིང་རྒྱུ། དྲ་ཆེན་དྲ་རྒྱ་དང་ཆེད་སྤྱོད་སྐུད་ལམ་གྱི་ཆ་སྙོམས་འགྲོ་གྲོན་15%མར་གཅོག་རྒྱུ། གཞུང་དབང་ཁང་ཁོངས་ཀྱི་བོགས་དངུལ་ཆག་ཡང་བཏང་སྟེ། ཁེ་ལས་བདག་པོ་དག་གི་ཁང་གླ་ཆག་ཡང་ངམ་ཡང་ན་དུས་འགྱངས་ཀྱིས་བསྡུ་བར་བསྔགས་སྐུལ་བྱེད་རྒྱུ་མ་ཟད། ད་དུང་སྲིད་ཇུས་ཐད་ནས་རྒྱབ་སྐྱོར་བྱེད་རྒྱུ། ཁེ་ལས་དང་འབྲེལ་བའི་སྒྲིག་འགལ་གྱིས་གྲོན་དངུལ་བསྡུ་རིགས་བཅོས་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།

ཁེ་ལས་བརྟན་པོ་ཡོང་བར་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱི་དངུལ་བུན་མ་སྐྱེད་གཉིས་ཀ་འཇལ་སྤྲོད་དུས་འགྱངས་བྱེད་པའི་སྲིད་ཇུས་ད་དུང་ཕྱི་ལོའི་ཟླ་3པའི་ཟླ་མཇུག་བར་ཕྱིར་འགྱངས་བྱེད་རྒྱུ། ཀུན་ཕན་ཅན་གྱི་ཁེ་ལས་ཆུང་ཕྲན་གྱི་དངུལ་བུན་ཕྱིར་འགྱངས་ཅི་ཐུབ་བྱེད་པ་དང་། དཀའ་ངལ་ཡོད་པའི་ཁེ་ལས་གཞན་དག་གི་དངུལ་བུན་གྲོས་མོལ་བྱས་ནས་ཕྱིར་འགྱངས་བྱེད་དགོས། དཔྱད་ཞིབ་བརྩོན་སྐུལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། དངུལ་ཁང་གིས་དངུལ་བུན་གཏོང་ཕོད་པ་དང་། དངུལ་བུན་གཏོང་འདོད་པ། དངུལ་བུན་གཏོང་ནུས་པར་བསྔགས་སྐུལ་བྱས་ནས། ཁེ་ལས་ཆུང་ཕྲན་ལ་ཡིད་རྟོན་དངུལ་བུན་དང་། ཐོག་མའི་དངུལ་བུན། དངུལ་བུན་རྙིང་པ་མ་འཇལ་བར་མུ་མཐུད་དངུལ་བུན་གསར་པ་གཡོར་བ་བཅས་མང་དུ་གཏོང་དགོས་ལ། དངུལ་རྩའི་ཚན་རྩལ་དང་གཞི་གྲངས་ཆེན་པོ་སྤྱད་ནས་ཞབས་ཞུའི་མ་གནས་ཇེ་ཉུང་དུ་གཏོང་བ་དང་། ཞབས་ཞུའི་གནད་འཁེལ་རང་བཞིན་ཇེ་མཐོར་གཏོང་དགོས། སྲིད་གཞུང་རང་བཞིན་གྱི་མ་དངུལ་བསྡུ་རུབ་འགན་ལེན་གྱི་ཁེབས་རྒྱ་ཇེ་ཆེར་གཏོང་དགོས་པ་མ་ཟད། གྲོན་དངུལ་གྱི་ཚད་མངོན་གསལ་སྒོས་ཇེ་དམའ་རུ་གཏོང་དགོས། ཚོང་ལས་དངུལ་ཁང་ཆེ་གྲས་ཀྱི་ཀུན་ཕན་ཅན་གྱི་ཁེ་ལས་ཆུང་ཕྲན་གྱི་དངུལ་བུན་འཕར་ཚད་40%ལས་མཐོ་དགོས། ཁེ་ལས་དང་འབྲེལ་བ་ཡོད་པའི་ཡིད་རྟོན་ཆ་འཕྲིན་མཉམ་སྤྱོད་བྱེད་པར་སྐུལ་འདེད་གཏོང་དགོས། ཁེ་ལས་ཀྱིས་བུན་འཛིན་གྱི་མ་དངུལ་བསྡུ་རུབ་བྱེད་རྒྱ་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱེད་དགོས། ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་མ་དངུལ་“སྟོང་འཁོར་”གྱི་ཁེ་བཟང་ལེན་པར་སྔོན་འགོག་བྱེད་པ་དང་། ངན་སེམས་བཅངས་ནས་བུ་ལོན་འཇལ་འགན་གཡོལ་ཐབས་བྱེད་པར་རྡུང་རྡེག་གཏོང་དགོས། དངུལ་རྩའི་སྒྲིག་གཞི་དང་དངུལ་བུན་ཁེ་ལས་གཉིས་ཀ་ཐུན་མོང་ངང་དར་རྒྱས་ཡོང་བ་བྱས་ནས། དངུལ་ཁང་གིས་ལུགས་མཐུན་གྱི་ཁེ་སྤོགས་སྤྲོད་པར་བསྔགས་སྐུལ་བྱེད་དགོས། ཚོང་རའི་བྱེད་པོ་འགན་སྲུང་བྱས་ཏེ། ངེས་པར་དུ་ཁེ་ལས་འབྲིང་ཆུང་ཕྲན་གསུམ་ལ་དངུལ་བུན་ཐོབ་ཐུབ་ཚད་མངོན་གསལ་དོད་པོས་ཆེ་རུ་གཏོང་དགོས་པ་དང་། ངེས་པར་དུ་ཕྱོགས་བསྡུས་མ་དངུལ་བསྡུ་རུབ་ཀྱི་མ་གནས་མངོན་གསལ་དོད་པོས་མར་གཅོག་དགོས།

ཐབས་བརྒྱ་ཇུས་སྟོང་གིས་ལས་ཞུགས་བརྟན་པོ་དང་རྒྱ་སྐྱེད་དགོས། གཙོ་གནད་ལས་རིགས་དང་གཙོ་གནད་ཚོགས་པའི་ལས་ཞུགས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ད་ལོར་མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མ་ཁྲི་874ལ་སླེབས་པ་དང་། ཚོང་ར་ཅན་དང་སྤྱི་ཚོགས་ཅན་གྱི་ལས་ཞུགས་ལ་སྐུལ་འདེད་གཏོང་དགོས་ཤིང་། མཐོ་རིམ་སློབ་གྲྭ་དང་ཁོངས་གཏོགས་ས་ཆའི་སྲིད་གཞུང་གིས་ཟམ་མི་འཆད་པར་ལས་ཞུགས་ཞབས་ཞུ་མཁོ་འདོན་བྱེད་པ་དང་། གཞི་རིམ་གྱི་ཞབས་ཞུའི་ལས་གཞིའི་གདན་ཞུ་རྒྱ་སྐྱེད་དགོས། དམག་ཞབས་འཐིམས་པའི་དམག་མི་བཀོད་སྒྲིག་དང་ལས་ཞུགས་བྱེད་པར་འགན་སྲུང་ལེགས་པོ་བྱེད་དགོས། གླ་རྒྱག་ཞིང་པས་ལས་ཞུགས་བྱ་ཡུལ་དུ་འདྲ་མཉམ་གྱི་ལས་ཞུགས་ཞབས་ཞུའི་སྲིད་ཇུས་ལོངས་སུ་སྤྱོད་པ་ལག་བསྟར་བྱེད་ཅིང་། དབང་པོ་སྐྱོན་ཅན་དང་། ལས་ཞུགས་མེད་པའི་ཁྱིམ་ཚང་སོགས་དཀའ་ངལ་ཡོད་པའི་ཚོགས་པར་ལས་ཞུགས་ཀྱི་རོགས་སྐྱོར་བྱེད་དགོས། རང་རྒྱལ་དུ་ཉིན་གླ་རྒྱག་མཁན་ཚུད་པའི་བབ་བསྟུན་ལས་ཞུགས་མི་སྣ་དུང་ཕྱུར་མང་པོ་ཡོད་ཅིང་། ད་ལོར་ཡོང་འབབ་དམའ་བའི་མི་སྣར་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་རང་མོས་ཀྱིས་འགྱངས་སྤྲོད་བྱེད་པའི་སྲིད་ཇུས་ལག་བསྟར་བྱས་ཏེ། ལས་ཞུགས་དང་འབྲེལ་བའི་སྲིད་འཛིན་བྱ་ལས་རང་བཞིན་གྱི་གྲོན་དངུལ་སྡུད་རིགས་ཚང་མ་མེད་པར་བཟོ་བ་དང་། ཕྱོགས་འགྲུལ་ཁྲོམ་ཚོང་པའི་ཚོང་གཉེར་བྱེད་ཡུལ་ལུགས་མཐུན་གྱིས་གཏན་འཁེལ་བྱེད་དགོས། གསོ་སྦྱོང་ལ་བརྟེན་ནས་ལས་གནས་བརྟན་པོ་དང་རྒྱ་སྐྱེད་པར་དངུལ་གྱིས་རོགས་རམ་བྱས་ཏེ། ཚོང་རར་ཁ་ཕྱོགས་པའི་ནུས་རྩལ་གསོ་སྦྱོང་བྱེད་པར་ཤུགས་སྣོན་ཞིང་། གསོ་སྦྱོང་གི་ཚབ་ཏུ་ལས་ཀ་བྱེད་པར་བསྔགས་སྐུལ་བྱེད་པ་དང་། ཐོན་སྐྱེད་རང་བཞིན་གྱི་གསོ་སྦྱོང་གནས་གཞི་མཉམ་སྐྲུན་མཉམ་སྤྱོད་བྱེད་དགོས། ད་ལོ་དང་སང་ལོ་གཉིས་ཀྱི་རིང་། ལས་རིགས་རྩལ་ནུས་གསོ་སྦྱོང་མི་ཐེངས་ཁྲི་3500ཡན་བྱེད་པ་དང་། མཐོ་རིམ་ལས་རིགས་སློབ་ཆེན་གྱིས་མི་ཁྲི་200བསྡུ་རྒྱ་ཆེ་རུ་བཏང་སྟེ། ངལ་རྩོལ་པ་སྔར་ལས་མང་བའི་རྩལ་ནུས་ཆེ་རུ་གཏོང་བ་དང་ལས་ཞུགས་ཡག་པོ་ཡོང་བ་བྱེད་དགོས།

         བཞི། སྒྱུར་བཅོས་ལ་བརྟེན་ནས་ཚོང་རའི་བྱེད་པོའི་གསོན་ཤུགས་སྤེལ་ཏེ་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་ཆེ་རུ་གཏོང་དགོས།

དཀའ་ངལ་དང་འགྲན་སློང་ཅི་ཙམ་ཆེ་ན་དེ་ཙམ་གྱིས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། སྒྲིག་སྲོལ་དང་ལམ་སྲོལ་གྱི་འགོག་རྐྱེན་བསལ་ཏེ། ནང་སྐྱེས་འཕེལ་རྒྱས་ཀྱི་སྒུལ་ཤུགས་སྤེལ་དགོས།

“གཤམ་སྤྲོད་དོ་དམ་ཞབས་ཞུ་”གསུམ་གྱི་སྒྱུར་བཅོས་ཟབ་སྤེལ་བྱེད་དགོས། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་འོག བྱེད་ཐབས་ལེགས་སྒྲིག་དང་འགྲོ་ལུགས་སྟབས་བདེར་བཏང་སྟེ། ཕྱོགས་ཡོངས་ནས་ལས་ཐོན་བསྐྱར་ཚུགས་དང་། ཚོང་སྒོ་སླར་འབྱེད་དམ་ལས་རིགས་སླར་གསོ་བྱེད་པར་སྐུལ་འདེད་གཏོང་དགོས། ཞབས་ཞུའི་དོན་དག་སྔར་བས་མང་བ་དྲ་ཐོག་ནས་གཉེར་བར་སྐུལ་འདེད་བཏང་སྟེ། ཁེ་ལས་ཀྱིས་བྱ་བའི་བརྒྱུད་རིམ་ཧྲིལ་པོ་དྲ་ཐོག་ནས་གཉེར་ཐུབ་པ་བྱེད་དགོས། ཁེ་ལས་ཆུང་ཕྲན་དང་སྒེར་གཉེར་བཟོ་ཚོང་ཐེམ་དུད་ཀྱི་ཐོ་འགོད་གཉེར་སྐྱོང་བྱ་ཡུལ་གྱི་ཚོད་འཛིན་ལྷུག་ཏུ་བཏང་ནས། རིགས་ཁག་གི་ལས་གཏོད་པས་ཐོ་འགོད་གཉེར་སྐྱོང་དང་དུས་ཐོག་ཏུ་རོགས་སྐྱོར་སྲིད་ཇུས་ལོངས་སུ་སྤྱོད་པར་སྟབས་བདེ་སྐྲུན་དགོས། ཁེ་ལས་ཆེ་འབྲིང་ཆུང་གསུམ་མཉམ་འདྲེས་ངང་འཕེལ་རྒྱས་ཡོང་བར་རྒྱབ་སྐྱོར་བྱེད་ཅིང་། སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་འཐུས་ཚང་དུ་གཏོང་དགོས། དྲང་གཞག་ལྟ་སྐུལ་དོ་དམ་ལ་བརྟེན་ནས་འདྲ་མཉམ་ཐོག་འགྲན་རྩོད་བྱེད་པ་སྲུང་སྐྱོང་བྱེད་དགོས་ལ། ཚོང་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་མུ་མཐུད་དུ་སྐྲུན་དགོས།

རྒྱུ་རྐྱེན་གཙོ་བོ་ཚོང་ར་ཅན་དུ་བཀོད་སྒྲིག་བྱེད་པའི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས། དངུལ་ཁང་འབྲིང་ཆུང་གིས་མ་དངུལ་ཁ་གསབ་དང་བཅོས་སྐྱོང་བྱེད་པ་འཐུས་ཚང་དུ་གཏོང་བར་སྐུལ་འདེད་བཏང་སྟེ། ཁེ་ལས་འབྲིང་ཆུང་ཕྲན་གསུམ་ལ་ཞབས་འདེགས་སྔར་བས་ཡག་པོ་ཞུ་དགོས། ལས་གཏོད་པང་སྒྱུར་བཅོས་བྱས་ནས་ཐོ་འགོད་ལམ་ལུགས་ཚོད་ལྟ་བྱེད་ཅིང་། བང་རིམ་མང་བའི་མ་རྩའི་ཚོང་ར་འཕེལ་རྒྱས་གཏོང་དགོས། འགན་བཅོལ་འགན་སྲུང་བྱེད་ནུས་ཆེ་རུ་གཏོང་བ་དང་། ཞིང་ཆེན་རིམ་པའི་སྲིད་གཞུང་ལ་འཛུགས་སྐྲུན་ལ་མཁོ་བའི་ས་ཆའི་རང་བདག་གི་དབང་ཆ་སྔར་ལས་ཆེ་བ་སྤྲོད་དགོས། ཤེས་ལྡན་མི་སྣ་འཁོར་སྐྱོད་བྱེད་པར་སྐུལ་འདེད་གཏོང་བ་དང་། ལག་རྩལ་དང་གཞི་གྲངས་ཚོང་ར་གསོ་སྐྱོང་བྱས་ནས། རྒྱུ་རྐྱེན་སྣ་ཚོགས་ཀྱི་བག་ཉལ་ནུས་པ་སྐུལ་སློང་བྱེད་དགོས།

གཞུང་དབང་མ་རྩ་དང་གཞུང་དབང་ཁེ་ལས་སྒྱུར་བཅོས་ཀྱི་ཕན་འབྲས་ཆེ་རུ་གཏོང་དགོས། གཞུང་དབང་ཁེ་ལས་སྒྱུར་བཅོས་བྱེད་པའི་ལོ་གསུམ་བྱེད་སྒོ་ལག་བསྟར་བྱེད་དགོས། དེང་རབས་ཁེ་ལས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། གཞུང་དབང་མ་རྩའི་ལྟ་སྐུལ་དོ་དམ་སྒྲིག་སྲོལ་འཐུས་ཚང་དུ་བཏང་སྟེ། དབང་བའི་ལམ་ལུགས་འདྲེས་མའི་སྒྱུར་བཅོས་ཟབ་སྤེལ་བྱེད་དགོས། སྤྱི་ཚོགས་ཀྱི་འགན་ནུས་སྒྲུབ་པ་དང་ཁ་བྲལ་བར་བྱས་ཏེ་ལོ་རྒྱུས་ཀྱི་ཤུལ་ལུས་གནད་དོན་ཐག་གཅོད་བྱེད་པ་གཞི་རྩའི་ཆ་ནས་ལེགས་འགྲུབ་བྱེད་དགོས། གཞུང་དབང་ཁེ་ལས་ཀྱིས་འགན་འཁྲི་གཙོ་བོ་དང་ལས་རིགས་གཙོ་བོར་དམིགས་པ་དང་། ཚོང་ར་ཅན་གྱི་གཉེར་སྐྱོང་ལམ་སྲོལ་འཐུས་ཚང་དུ་བཏང་ནས་སྲོག་ཤིང་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས།

དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཁོར་ཡུག་ལེགས་འགྱུར་བྱེད་དགོས། དམངས་གཉེར་ཁེ་ལས་ལ་ཐོན་སྐྱེད་རྒྱུ་རྐྱེན་གཙོ་བོ་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་འདྲ་མཉམ་ཐོབ་པར་འགན་སྲུང་དང་། ཁེ་ལས་ཀྱི་ངོ་བོ་དང་ཟུང་སྦྲེལ་བྱས་པའི་གཏན་འབེབས་ལུགས་དང་མི་མཐུན་པ་རྣམས་གཙང་བཤེར་དང་མེད་པར་བཟོ་དགོས། སྲིད་གཞུང་ལས་ཁུངས་དང་གཞུང་དབང་ཁེ་ལས་ཀྱིས་དམངས་གཉེར་དང་ཁེ་ལས་འབྲིང་ཆུང་ལ་གྲོན་དངུལ་དུས་འགྱངས་ཆད་ལུས་བྱས་རིགས་དུས་བཀག་ལྟར་གཙང་འཇལ་བྱེད་པའི་ལས་འགན་ལེགས་འགྲུབ་བྱེད་དགོས། མཛའ་མཐུན་ལྷད་མེད་ཀྱི་སྲིད་ཚོང་འབྲེལ་བ་བཙུགས་ནས། སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།

བཟོ་སྐྲུན་ལས་རིགས་རིམ་སྤར་དང་གསར་དར་ཐོན་ལས་གོང་དུ་འཕེལ་བར་སྐུལ་འདེད་གཏོང་དགོས། བཟོ་སྐྲུན་ལས་རིགས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་ཡོང་བར་རྒྱབ་སྐྱོར་བྱེད་དགོས། བཟོ་སྐྲུན་ལས་རིགས་ཀྱི་དུས་ཡུན་འབྲིང་རིང་གི་དངུལ་བུན་ཚད་མཐོན་པོས་ཇེ་མང་དུ་གཏོང་དགོས། བཟོ་ལས་དྲ་སྦྲེལ་འཕེལ་རྒྱས་བཏང་ནས་རིག་ནུས་བཟོ་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཐོན་ལས་ཁྱུ་ཚོགས་གསར་པ་གསོ་སྐྱོང་བྱེད་དགོས། ཞིབ་འཇུག་གསར་སྤེལ་དང་ཇུས་འགོད་དང་། དེང་རབས་དངོས་ཟོག་སྐྱེལ་འདྲེན། བརྟག་བཤེར་ཞིབ་དཔྱད་དང་བདེན་སྒྲུབ་དཔང་སྤྲོད་སོགས་ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུ་འཕེལ་རྒྱས་གཏོང་དགོས། གློག་རྡུལ་ཚོང་དོན་ནམ་དྲ་ཐོག་ཉོ་སྒྲུབ་དང་དྲ་ཐོག་ཞབས་ཞུ་སོགས་ལས་རྣམ་གསར་པས་རིམས་འགོག་ཁྲོད་ནུས་པ་གལ་ཆེན་ཐོན་པས། རྒྱབ་སྐྱོར་སྲིད་ཇུས་མུ་མཐུད་བཏོན་ནས་“དྲ་སྦྲེལ་+”ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། གྲངས་ཀའི་དཔལ་འབྱོར་གྱི་དགེ་མཚན་གསར་པ་གཏོད་དགོས།

ཚན་རྩལ་གསར་གཏོད་ཀྱི་འདེགས་སྐྱོར་ནུས་པ་ཆེ་རུ་གཏོང་དགོས། རྨང་གཞིའི་ཞིབ་འཇུག་དང་ཉེར་སྤྱོད་རྨང་གཞིའི་ཞིབ་འཇུག་ལ་བརྟན་བརླིང་གིས་རྒྱབ་སྐྱོར་བྱས་ནས། ཁེ་ལས་ཀྱིས་ཞིབ་འཇུག་གསར་སྤེལ་ལ་མ་དངུལ་མང་པོ་གཏོང་བར་ཁྲིད་སྟོན་བྱེད་ཅིང་། ཐོན་སློབ་ཞིབ་གསུམ་མཉམ་འདྲེས་ངང་འཕེལ་རྒྱས་ཡོང་བར་བྱེད་དགོས། རྒྱལ་ཁབ་ཀྱི་ཚོད་ལྟ་ཁང་མགྱོགས་མྱུར་གྱིས་འཛུགས་སྐྲུན་བྱེད་ཅིང་། རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་མ་ལག་བསྐྱར་སྒྲིག་དང་། སྤྱི་ཚོགས་ཀྱི་ཞིབ་འཇུག་གསར་སྤེལ་སྒྲིག་གཞི་གསར་པ་འཕེལ་རྒྱས་གཏོང་དགོས་ལ། གནད་འགག་གི་ལག་རྩལ་གཙོ་བོ་འགག་སྒྲོལ་བྱེད་པར་ཤུགས་སྣོན་དགོས། དམངས་འཚོའི་ཚན་རྩལ་འཕེལ་རྒྱས་གཏོང་ཞིང་། རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། ཤེས་བྱའི་བདག་དབང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། ཚན་རྩལ་གྱི་གྲུབ་འབྲས་སྤོ་སྒྱུར་བྱེད་པའི་ལམ་སྲོལ་སྒྱུར་བཅོས་བྱེད་ཅིང་། གསར་གཏོད་ཀྱི་འབྲེལ་ལམ་ཡངས་པོ་བྱས་ཏེ། གསར་གཏོད་ལ་བསྔགས་སྐུལ་དང་ཕམ་ཁར་བཟོད་སྒོམ་བྱེད་པའི་ཚན་རིག་ཞིབ་འཇུག་གི་ཁོར་ཡུག་གཏོད་དགོས། གཙོ་གནད་ལས་གཞིའི་འགག་སྒྲོལ་ལ་“མིང་ཐོབ་ཁས་ལེན་གཙོ་བོར་འཛིན་པ་”ལག་བསྟར་བྱས་ནས། དེ་སུས་སྒྲུབ་ཐུབ་ན་དེར་སྒྲུབ་ཏུ་འཇུག་དགོས།

དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པར་སྐུལ་སྤེལ་ཟབ་མོ་བྱེད་དགོས། ལས་གཏོད་དངུལ་འཇོག་དང་རྐང་དབང་དངུལ་འཇོག་འཕེལ་རྒྱས་གཏོང་བ་དང་། ལས་གཏོད་ཁག་ཐེག་བྱེད་པའི་དངུལ་བུན་ཇེ་མང་དུ་གཏོང་དགོས། ཕྱོགས་ཡོངས་ནས་གསར་གཏོད་སྒྱུར་བཅོས་ཚོད་ལྟ་བྱེད་ཐེངས་གསར་པ་གཏིང་ཟབ་ཏུ་སྤེལ་བ་དང་། ཉིས་གཏོད་དཔེ་སྟོན་གནས་གཞི་ཁག་ཅིག་གསར་སྐྲུན་བྱེད་དགོས། དཀྱེལ་ཡངས་གཟབ་ནན་ལྟ་སྐུལ་དོ་དམ་བཅས་རྒྱུན་འཁྱོངས་བྱེད་པ་དང་། སྟེགས་བུའི་དཔལ་འབྱོར་དང་མཉམ་སྤྱོད་དཔལ་འབྱོར་འཕེལ་རྒྱས་བཏང་སྟེ། སྤྱི་ཚོགས་ཀྱི་གསར་གཏོད་ནུས་པར་སྔར་བས་སྐུལ་སློང་བྱེད་དགོས།

【1】  【2】  【3】  【4】  【5】  【6】