འཚོལ་བཤེར།   
藏文频道
2020ལོའི་ཟླ་7ཚེས་29ཉིན།

༄༅།།སྲིད་གཞུང་གི་ལས་དོན་སྙན་ཞུ།

——2020ལོའི་ཟླ་5ཚེས་22ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་ཐོག རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ལི་ཁེ་ཆང་།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་20ཉིན། 09:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

         འཐུས་མི་རྣམ་པ།

         ན་ནིང་ནས་བཟུང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བྱུང་བ་དང་ད་ལོའི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཐོབ་པའི་གྲུབ་འབྲས་ནི། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འགོ་ཁྲིད་སྟོབས་ལྡན་གནང་བའི་འབྲས་བུ་ཡིན་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པར་ཁྲིད་སྟོན་གནང་བའི་འབྲས་བུ་ཡིན་ལ། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་ཡིན། ངས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་། དམངས་གཙོའི་ཏང་ཤོག་ཁག་དང་མི་དམངས་ཀྱི་ཚོགས་པ་ཁག  ལས་རིགས་ཁག་གི་མི་སྣ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། སྤུན་ཟླ་ཐའེ་ཝན་པ། ཕྱིར་སྡོད་སྤུན་ཟླ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོའི་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་དང་རིམས་ནད་འགོག་རྒོལ་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་། རྒྱལ་སྤྱིའི་རྩ་འཛུགས། རྒྱལ་ཁབ་ཁག་གི་གྲོགས་པོ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

         གྲུབ་འབྲས་ཁས་ལེན་པ་དང་ཆབས་ཅིག་ཏུ། ང་ཚོས་མདུན་དུ་ལྷགས་པའི་དཀའ་ངལ་དང་གནད་དོན་ཡང་གསལ་པོར་མཐོང་དགོས། གོ་ལ་ཧྲིལ་པོའི་རིམས་ནད་ཀྱི་ཕོག་ཐུག་ཐེབས་ནས། འཛམ་གླིང་གི་དཔལ་འབྱོར་ཉམས་རྒུད་ཚབས་ཆེན་བྱུང་བ་དང་། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་འཁོར་སྐྱོད་ལ་བཀག་འགོག་ཐེབས་ཤིང་། རྒྱལ་སྤྱིའི་ཉོ་ཚོང་དངུལ་འཇོག་ཇེ་ཆུང་དུ་ཕྱིན་པ་དང་། ཚོང་ཟོག་ཆེ་གྲས་ཀྱི་ཚོང་རར་གཡོ་འགུལ་ཐེབས་ཡོད། རྒྱལ་ནང་གི་འཛད་སྤྱོད་དང་། དངུལ་འཇོག  ཕྱིར་གཏོང་བཅས་མར་ཆག་པ་དང་། ལས་ཞུགས་ཀྱི་གནོན་ཤུགས་མངོན་གསལ་གྱིས་ཇེ་ཆེར་ཕྱིན་ཡོད། ཁེ་ལས་སྤྱི་དང་ལྷག་པར་དུ་དམངས་གཉེར་ཁེ་ལས་དང་ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱི་དཀའ་ངལ་འབུར་ཐོན་ཡིན་ལ། དངུལ་རྩ་ལ་སོགས་པའི་ཁྱབ་ཁོངས་ཀྱི་ཉེན་ཁ་ཅུང་མཉམ་འདུས་བྱས་པ་དང་། གཞི་རིམ་གྱི་ནོར་སྲིད་གཏོང་ཡོང་གི་འགལ་བ་ཛ་དྲག་ཏུ་གྱུར་ཡོད། སྲིད་གཞུང་གི་ལས་དོན་ཐད་མི་འདང་ས་ཡོད་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྔར་བཞིན་འབུར་ཐོན་རེད། ལས་བྱེད་པ་ཉུང་ཤས་ཀྱིས་འགན་མི་འཁུར་བ་དང་། དགོས་པའི་ལས་མི་སྒྲུབ་པའམ་སྒྲུབ་མི་ཤེས་ལ། མི་དགོས་པའི་ལས་གང་བྱུང་དུ་སྒྲུབ་ཀྱིན་ཡོད། ཁྱབ་ཁོངས་ཁ་ཤས་སུ་རུལ་སུངས་ཀྱི་གནད་དོན་མང་པོ་ཐོན་གྱིན་ཡོད། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་། སྤྱི་པའི་འཕྲོད་བསྟེན་དང་མྱུར་བསྟུན་དོ་དམ་སོགས་ཀྱི་ཐད་དུ་ཞན་ཆ་མི་ཉུང་བ་ཞིག་ཕྱིར་མངོན་ཡོད་ལ། མང་ཚོགས་ལ་ད་དུང་བསམ་འཆར་དང་གྲོས་འགོ་ཁ་ཤས་ཡོད་པར་མཐོང་ཆེན་བྱེད་དགོས། ང་ཚོས་ངེས་པར་དུ་འབད་བརྩོན་ཆེན་པོས་ལས་ཀ་ལེགས་འགྱུར་དང་འགན་འཁྲི་ཏན་ཏིག་བསྒྲུབས་ཏེ། ནུས་ཤུགས་ཡོད་རྒུས་མི་དམངས་ཀྱི་རེ་བ་སྟོང་ཟད་དུ་མི་འགྲོ་བར་བྱེད་དགོས།

      གཉིས། ད་ལོའི་འཕེལ་རྒྱས་ཀྱི་དམིགས་འབེན་གཙོ་བོ་དང་དུས་རིམ་རྗེས་མའི་ལས་ཀའི་སྤྱིའི་བཀོད་སྒྲིག

         ད་ལོའི་སྲིད་གཞུང་གི་ལས་དོན་ལེགས་པར་སྒྲུབ་པར།  བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྟོན་དུ་འཛིན་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཇུས་གཞི་བཅས་མཐའ་གཅིག་ཏུ་ལག་ལེན་དུ་བསྟར་བ། “འདུ་ཤེས་བཞི་”ཇེ་ཆེར་གཏོང་བ་དང་། “གདེང་ཚོད་བཞི་”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས་”བྱེད་ཐུབ་པ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པའི་དམིགས་འབེན་ལས་འགན་ལ་རྩེ་གཅིག་ཏུ་དམིགས་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ལས་དོན་ལ་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་དགོས། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པ་རྒྱུན་རྣམ་ཅན་གྱི་སྔོན་འགྲོའི་ཆ་རྐྱེན་འོག  བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས། འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་སྒྱུར་བཅོས་གཙོ་ཐིག་ཏུ་འཛིན་པ་རྒྱུན་འཁྱོངས། སྒྱུར་བཅོས་སྒོ་འབྱེད་སྒུལ་ཤུགས་སུ་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བཅས་བྱས་ཏེ། འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་མཐའ་གཅིག་ཏུ་ཡག་པོ་རྒྱག་དགོས། “བརྟན་པོ་དྲུག་”གི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་ཞིང་། སྡོད་དམངས་ཀྱི་ལས་ཞུགས་འགན་སྲུང་དང་། གཞི་རྩའི་དམངས་འཚོ་འགན་སྲུང་། ཚོང་རའི་བྱེད་པོ་འགན་སྲུང་། འབྲུ་རིགས་ནུས་ཁུངས་ཀྱི་བདེ་འཇགས་འགན་སྲུང་། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བརྟན་པོ་ཡོང་བ་འགན་སྲུང་། གཞི་རིམ་འཁོར་སྐྱོད་འགན་སྲུང་བཅས་བྱས་ནས། ནང་མཁོ་རྒྱ་སྐྱེད་ཀྱི་འཐབ་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ་དང་། དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ། དབུལ་བྲལ་འགག་སྒྲོལ་ལ་རྒྱལ་ཕམ་རྟིང་རྩོད་དང་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་དམིགས་འབེན་ལས་འགན་ལེགས་འགྲུབ་ཡོང་བར་ཁག་ཐེག་བྱེད་པ་བཅས་ཀྱིས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་དགོས།

         མིག་སྔར་དང་སླད་ཕྱིན་གྱི་དུས་སྐབས་ཤིག་རིང་། རང་རྒྱལ་གྱི་འཕེལ་རྒྱས་ལ་འཕྲད་པའི་ཉེན་ཁ་དང་འགྲན་སློང་སྔར་བྱུང་མ་མྱོང་བ་ཞིག་ཡིན་མོད། འོན་ཀྱང་ང་ཚོར་ཐུན་མོང་མ་ཡིན་པའི་ཆབ་སྲིད་དང་ལམ་ལུགས་ཀྱི་ལེགས་ཆ་དང་། དཔལ་འབྱོར་གྱི་རྨང་གཞི་བརྟན་པོ། ཚོང་རའི་བག་ཉལ་གྱི་སྟོབས་ཤུགས་ཆེན་པོ་བཅས་ཡོད་ལ། མི་དམངས་དུང་ཕྱུར་མང་པོ་ལས་ལ་བརྩོན་ཞིང་བློ་གྲོས་ལྡན། འགྲན་སློང་ལ་ཁ་གཏད་འཇལ་བ་དང་། འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་བ། རང་རྒྱལ་འཕེལ་རྒྱས་ཀྱི་འཐབ་ཇུས་གོ་སྐབས་བཟང་དུས་གལ་ཆེན་སྲུང་སྐྱོང་དང་བེད་སྤྱོད་ལེགས་པོ་བྱེད་པ་བཅས་བྱས་ན། མིག་སྔའི་དཀའ་གནད་ལས་སྒྲོལ་ཐུབ་ངེས་ཡིན་ལ། ཀྲུང་གོའི་འཕེལ་རྒྱས་ལ་རེ་བས་ཁེངས་ཡོད།

         གནས་བབ་ལ་ཕྱོགས་བསྡུས་ཀྱིས་ཞིབ་འཇུག་དང་བརྡར་ཤ་བཅད་དེ། ང་ཚོས་རིམས་ནད་མ་བྱུང་གོང་བསམ་གཞིགས་བཏང་བའི་སྔོན་དཔག་དམིགས་འབེན་ལེགས་སྒྲིག་འོས་འཚམ་བྱས་ཡོད། ད་ལོར་ལས་ཞུགས་བརྟན་པོ་དང་དམངས་འཚོ་འགན་སྲུང་བྱེད་པ་དམིགས་བསལ་གྱིས་སྔོན་ལ་འཇོག་པ་དང་། དབུལ་བྲལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་བླངས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པའི་དམིགས་འབེན་ལས་འགན་མངོན་འགྱུར་ཡོང་བར་འབད་བརྩོན་བྱེད་དགོས། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་གསར་འཕར་བྱུང་ཚད་མི་གྲངས་ཁྲི་900ཡན་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་ཀྱི་ལས་ཀ་ཤོར་ཚད་6%ཡས་མས། གྲོང་ཁྱེར་དང་གྲོང་རྡལ་གྱི་ཐོ་བཀོད་ཀྱི་ལས་ཀ་ཤོར་ཚད་5.5%ཡས་མས་བཅས་ཡིན། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་གི་འཕར་ཚད་3.5%ཡས་མས་ཡིན། ཕྱིར་གཏོང་ནང་འདྲེན་བརྟན་པོ་དང་སྤུས་ཚད་མཐོར་འདེགས་ཡོང་བར་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱིའི་གཏོང་ཡོང་གཞི་རྩའི་ཆ་ནས་དོ་མཉམ་ཡོང་བ་བྱེད་དགོས། སྡོད་དམངས་ཀྱི་ཡོང་འབབ་འཕར་ཚད་དེ་དཔལ་འབྱོར་འཕར་ཚད་དང་གཞི་རྩའི་ཆ་ནས་གཅིག་མཚུངས་ཡོང་བ་བྱེད་དགོས། ད་ལྟ་ལག་བསྟར་བྱེད་བཞིན་པའི་ཚད་གཞིའི་འོག་གྲོང་གསེབ་ཀྱི་དབུལ་ཕོངས་མི་འབོར་ཚང་མ་དབུལ་བྲལ་དང་རྫོང་དབུལ་པོ་ཚང་མའི་དབུལ་ཞྭ་འཕུད་དགོས། དངུལ་རྩའི་ཉེན་ཁ་ཚབས་ཆེན་སྔོན་འགོག་དང་ཚོད་འཛིན་ནུས་ལྡན་བྱེད་དགོས། རྩིས་གཞི་རེའི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ནུས་ཁུངས་ཟད་གྲོན་དང་སྦགས་བཙོག་དངོས་རིགས་གཙོ་བོ་འབུད་ཚད་མུ་མཐུད་མར་ཆག་པར་བྱས་ནས། “ལོ་ལྔ་ཚན་བཅུ་གསུམ་པའི་”འཆར་འགོད་ཀྱི་དམིགས་འབེན་ལས་འགན་ལེགས་འགྲུབ་བྱེད་དགོས།

         གསལ་བཤད་བྱེད་དགོས་པ་ཞིག་ལ། ང་ཚོས་ལོ་ཧྲིལ་པོའི་དཔལ་འབྱོར་འཕར་ཚད་ཀྱི་དམིགས་འབེན་ཞིབ་ཕྲ་བཏོན་མེད། རྒྱུ་མཚན་གཙོ་བོ་ནི་གོ་ལ་ཧྲིལ་པོའི་རིམས་ནད་དང་དཔལ་འབྱོར་ཉོ་ཚོང་གི་གནས་བབ་ལ་ངེས་གཏན་མེད་པའི་རང་བཞིན་ཧ་ཅང་ཆེན་པོ་ཡོད་ལ། རང་རྒྱལ་གྱི་འཕེལ་རྒྱས་ལ་སྔོན་དཔག་དཀའ་བའི་ཤུགས་རྐྱེན་གྱི་རྒྱུ་རྐྱེན་ཁ་ཤས་ཕྲད་ཡོད། འདི་ལྟར་བྱས་ན་ཕྱོགས་གང་ཅིའི་ཐད་ནས་སེམས་ཤུགས་གཅིག་སྒྲིལ་གྱིས་“བརྟན་པོ་དྲུག་”དང་“འགན་སྲུང་དྲུག་”དམ་འཛིན་ལེགས་པོ་བྱེད་པར་ཕན་ཐོགས་ཡོད། “འགན་སྲུང་དྲུག་”ནི་ད་ལོའི་“བརྟན་པོ་དྲུག་”གི་ལས་དོན་གྱི་ཤུགས་རྒྱག་ས་ཡིན། “འགན་སྲུང་དྲུག”གི་མཐའ་ཚད་སྲུང་ཕྱིན། དཔལ་འབྱོར་གྱི་གཞི་རྩའི་རྨང་གཞི་བརྟན་པོ་ཡོང་ཐུབ། འགན་སྲུང་ལ་བརྟེན་ནས་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་བ་དང་བརྟན་ཐོག་ཡར་འཕེལ་བྱུང་ན། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་རྨང་གཞི་བརྟན་པོ་འདིང་ཐུབ། ལས་ཞུགས་སམ་དམངས་འཚོ་འགན་སྲུང་དང་དབུལ་བྲལ་གྱི་དམིགས་འབེན་མངོན་འགྱུར་བྱ་རྒྱུ་ཡིན་ནའང་འདྲ། ཉེན་ཁ་སྔོན་འགོག་དང་སེལ་ཐབས་བྱ་རྒྱུ་ཡིན་ནའང་འདྲ། ཚང་མར་དཔལ་འབྱོར་འཕར་སྣོན་གྱི་འདེགས་སྐྱོར་ཡོད་དགོས་པ་དང་། དཔལ་འབྱོར་འཁོར་སྐྱོད་བརྟན་པོ་ཡོང་བ་ནི་སྤྱི་ཡོངས་དང་འབྲེལ་བ་ཡོད་པ་ཤེས་དགོས། སྒྱུར་བཅོས་སྒོ་འབྱེད་ཀྱི་བྱེད་ཐབས་སྤྱད་དེ་ལས་ཞུགས་བརྟན་པོ་དང་། དམངས་འཚོ་འགན་སྲུང་། འཛད་སྤྱོད་སྐུལ་སྤེལ་བཅས་བྱེད་པ་དང་། ཚོང་རར་སྐུལ་འདེད་དང་འཕར་སྣོན་བརྟན་པོ་ཡོང་བ་བྱས་ཏེ། ཕོག་ཐུག་ལ་ཁ་གཏད་ནུས་ལྡན་འཇལ་བ་དང་འཁོར་སྐྱོད་བཟང་པོ་མངོན་འགྱུར་བྱེད་པའི་བགྲོད་ལམ་གསར་པ་ཞིག་གཏོད་དགོས།

         དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་སྔར་ལས་དགེ་མཚན་ལྡན་ཞིང་ཕན་ནུས་ལྡན་པར་བྱེད་དགོས། ད་ལོའི་མཚལ་ཡིག་གི་ཚད་3.6%ཡན་ལྟར་བཀོད་སྒྲིག་བྱེད་རྩིས་ཡོད་ལ། ནོར་སྲིད་མཚལ་ཡིག་གི་གཞི་ཁྱོན་ན་ནིང་ལས་སྒོར་དུང་ཕྱུར་ཁྲི་1འཕར་སྣོན་བྱུང་བ་དང་། དུས་མཚུངས་སུ་རིམས་འགོག་གི་དམིགས་བསལ་རྒྱལ་བུན་སྒོར་དུང་ཕྱུར་ཁྲི་1འགྲེམ་སྤེལ་བྱས། འདི་ནི་དམིགས་བསལ་དུས་སྐབས་ཀྱི་དམིགས་བསལ་བྱེད་ཐབས་ཤིག་ཡིན། གོང་གསལ་གྱི་སྒོར་དུང་ཕྱུར་ཁྲི་2ཚང་མ་ས་གནས་ལ་སྤོ་སྒྱུར་བྱེད་པ་དང་། དམིགས་བསལ་གྱི་གཏོང་སྤྲོད་སྤོ་སྒྱུར་ལམ་སྲོལ་བཙུགས་ནས། མ་དངུལ་ཐད་ཀར་གྲོང་ཁྱེར་དང་རྫོང་གི་གཞི་རིམ་དུ་འབྱོར་བ་དང་། ཐད་ཀར་ཁེ་ལས་དང་དམངས་ལ་ཕན་ཐོགས་པ་བྱས་ཏེ། གཙོ་བོ་ལས་ཞུགས་འགན་སྲུང་དང་། གཞི་རྩའི་དམངས་འཚོ་འགན་སྲུང་། ཚོང་རའི་བྱེད་པོ་འགན་སྲུང་བཅས་སུ་སྤྱོད་དགོས་ལ། དེའི་ནང་ཁྲལ་རིན་གཉིས་གཅོག་དང་། བོགས་འཕྲི་སྐྱེད་གཅོག  འཛད་སྤྱོད་དང་དངུལ་འཇོག་རྒྱ་ཆེར་གཏོང་བ་སོགས་ཚུད། སྤྱི་པའི་ནོར་སྲིད་ཀྱི་ཁྱད་ཆོས་འབུར་ཐོན་བྱས་ནས་བཀག་ཉར་དང་གཞན་སྤྱོད་གཏན་ནས་བྱས་མི་ཆོག  ནོར་སྲིད་གཏོང་སྒོའི་གྲུབ་ཚུལ་ཤུགས་ཆེན་པོས་ལེགས་སྒྱུར་བྱས་ཏེ། གཞི་རྩའི་དམངས་འཚོའི་གཏོང་སྒོ་འཕར་སྣོན་ལས་ཉུང་འཕྲི་མི་བྱེད་ཅིང་། ཁྱབ་ཁོངས་གཙོ་བོའི་གཏོང་སྒོ་འགན་སྲུང་ཏན་ཏིག་དང་། སྤྱིར་བཏང་གི་གཏོང་སྒོ་ཉུང་འཕྲི་མཐའ་གཅིག་ཏུ་བྱེད་དགོས་ལ། ཐོག་ཁང་དང་། ཚོགས་ཁང་། མགྲོན་ཁང་། སྣེ་ལེན་ཁང་བཅས་གསར་དུ་སྐྲུན་པ་གཏན་འགོག་བྱེད་པ་དང་། རྒྱས་སྤྲོས་ཆུད་ཟོས་གཏོང་བ་གཏན་འགོག་བྱེད་དགོས། སྲིད་གཞུང་རིམ་པ་ཁག་གིས་ངེས་པར་དུ་བཟའ་མཁས་སྤྱོད་མཁས་བྱེད་དགོས་པ་དང་། ཀྲུང་དབྱང་སྲིད་གཞུང་གིས་སྣེ་ཁྲིད་དཔེ་སྟོན་བྱེད་ཅིང་། ཀྲུང་དབྱང་རང་རིམ་གྱི་གཏོང་སྒོ་བཀོད་སྒྲིག་ལྡོག་འཕར་ཡོང་བ་བྱེད་དགོས་ལ། དེའི་ནང་འཕྲལ་མཁོ་དང་ངེས་པར་མཁོ་བ་མིན་པའི་གཏོང་སྒོ་50%ཡན་ཉུང་དུ་གཏོང་དགོས། མ་དངུལ་ལྷག་འཕྲོ་དང་ཕྱིར་བསྡུ་མ་ཐུབ་པའི་མ་དངུལ་རྣམས་བསྡུ་འོས་སྡུད་ལེན་གྱིས་བསྐྱར་དུ་བཀོད་སྒྲིག་བྱེད་དགོས། སྤུས་ཕྱོད་མཉམ་འདེགས་ལ་ཤུགས་རྒྱག་པ་དང་། གཏོང་སྒོ་ཁག་ངེས་པར་དུ་ཞིབ་རྩིས་རྒྱག་མཁས་པོ་བྱས་ཏེ། ངེས་པར་དུ་དངུལ་ཚང་མ་གནད་འགག་ཆེ་སར་སྤྱོད་པ་དང་། ངེས་པར་དུ་ཚོང་རའི་བྱེད་པོ་དང་མི་དམངས་མང་ཚོགས་ལ་དངོས་གནས་དྲང་གནས་ཀྱི་མྱོང་ཚོར་ཡོད་པ་བྱེད་དགོས།

         གཟབ་བརླིང་གི་དངུལ་ལོར་སྲིད་ཇུས་སྔར་བས་སྟབས་བསྟུན་འོས་འཚམ་ཡོང་བ་བྱེད་དགོས། ཚད་གཞི་དང་སྐྱེད་ཀ་གཅོག་པ་དང་ཡང་བསྐྱར་དངུལ་བུན་གཏོང་བ་སོགས་ཀྱི་བྱེད་ཐབས་ཕྱོགས་བསྡུས་ཀྱིས་སྤྱད་དེ། སྒྲ་ཡངས་འཇུག་གི་དངུལ་ལོར་འགྲེམ་གྲངས་ལ་ཁྲིད་སྟོན་དང་སྤྱི་ཚོགས་ཀྱི་མ་དངུལ་བསྡུ་རུབ་བྱེད་ཁྱོན་གྱི་འཕར་ཚད་ན་ནིང་ལས་མངོན་གསལ་གྱིས་ཇེ་མཐོར་གཏོང་དགོས། མི་དམངས་ཤོག་སྒོར་གྱི་དངུལ་བརྗེ་འཛའ་ཐང་ལུགས་མཐུན་དང་དོ་མཉམ་གྱི་ཆུ་ཚད་ཐོག་གཞི་རྩའི་ཆ་ནས་བརྟན་པོ་ཡོང་བ་མཐའ་འཁྱོངས་བྱེད་དགོས། དངོས་གཞིའི་དཔལ་འབྱོར་ལ་ཐད་ཀར་སླེབས་པའི་དངུལ་ལོར་སྲིད་ཇུས་ཀྱི་བྱེད་ཐབས་གསར་གཏོད་དང་། ཁེ་ལས་ལ་དངུལ་བུན་ཐོབ་བདེ་ཡོང་བར་ངེས་པར་སྐུལ་འདེད། སྐྱེད་ཀ་བསྟུད་མར་མར་ཆག་པར་སྐུལ་འདེད་བཅས་བྱེད་དགོས།

          ལས་ཞུགས་དམིགས་བསལ་གྱིས་སྔོན་ལ་འཇོག་པའི་སྲིད་ཇུས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་དགོས། ནོར་སྲིད་དང་། དངུལ་ལོར། དངུལ་འཇོག་སོགས་ཀྱི་སྲིད་ཇུས་ཀྱིས་ནུས་ཤུགས་གཅིག་སྒྲིལ་བྱས་ནས་ལས་ཞུགས་བརྟན་པོ་ཡོང་བར་རྒྱབ་སྐྱོར་བྱེད་དགོས། ད་ཡོད་ཀྱི་ལས་ཞུགས་བརྟན་པོ་ཡོང་བར་བྱས་ཏེ། ཧུར་ཐག་གིས་ལས་ཞུགས་གསར་པ་ཇེ་མང་དུ་གཏོང་བ་དང་། ལས་ཤོར་མི་སྣ་བསྐྱར་དུ་ལས་ཞུགས་བྱེད་པར་སྐུལ་འདེད་གཏོང་དགོས། ས་གནས་ཁག་གིས་ལས་ཞུགས་ཐད་ཀྱི་ལུགས་དང་མི་མཐུན་པའི་ཚོད་འཛིན་རྣམས་གཙང་བཤེར་དང་མེད་པར་བཟོ་བ་དང་། ལས་ཞུགས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་འདོན་གང་ཐུབ་དང་། ལས་གནས་མང་དུ་གཏོང་བའི་ཐབས་ཤེས་སྤྱོད་གང་ཐུབ་བྱེད་དགོས།

དབུལ་བྲལ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པར་ངེས་པར་དུ་ལེགས་འགྲུབ་དགོས་པའི་ལས་འགན་ལྗིད་པོ་ཞིག་རེད། ད་ལྟ་ལག་བསྟར་བྱེད་བཞིན་པའི་དབུལ་བྲལ་ཚད་གཞི་རྒྱུན་འཁྱོངས་བྱས་ནས། དབུལ་སྐྱོར་གྱི་གཏོང་སྒོ་ཇེ་མང་དུ་གཏོང་བ་དང་། དབུལ་སྐྱོར་བྱེད་ཐབས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་ཞིང་། དབུལ་བྲལ་མ་བྱུང་བའི་མི་འབོར་ཡོངས་རྫོགས་དབུལ་བྲལ་ཡོང་བར་ཁག་ཐེག་བྱེད་དགོས། ཡང་བསྐྱར་དབུལ་པོར་ལོག་པའི་མི་འབོར་ལ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་བྱེད་པའི་ལམ་སྲོལ་འཐུས་ཚང་དང་ལག་བསྟར་ཡག་པོ་བྱས་ཏེ། དབུལ་བྲལ་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། གནམ་སྔོན་པོ་དང་། ཆུ་དྭངས་མོ། ས་གཙང་མ་བཅས་སྲུང་བའི་དམག་འཐབ་ཡག་པོ་བརྒྱབ་སྟེ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཀྱི་དུས་རིམ་རང་བཞིན་གྱི་དམིགས་འབེན་མངོན་འགྱུར་ཡོང་བ་བྱེད་དགོས། དངུལ་རྩ་ལ་སོགས་པའི་ཁྱབ་ཁོངས་ཀྱི་ཉེན་ཁ་ཆེན་པོ་སྔོན་འགོག་དང་ཚོད་འཛིན་བྱེད་པར་ཤུགས་བརྒྱབ་ནས། མ་ལག་རང་བཞིན་ལྡན་པའི་ཉེན་ཁ་མི་འབྱུང་བའི་གཞི་ཐིག་བརྟན་སྲུང་མཐའ་གཅིག་ཏུ་བྱེད་དགོས།

ད་ལོ་ཧ་ལམ་ཟླ་5ཙམ་འདས་ཟིན་པ་དང་། དུས་རིམ་རྗེས་མར་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལྷོད་གཡེང་སྤུ་ཙམ་མེད་པར། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་པར་དམ་འཛིན་བྱེད་དགོས། བཏོན་ཟིན་པའི་སྲིད་ཇུས་ཀྱི་ཤུགས་ཚད་རྒྱུན་འཁྱོངས་བྱེད་དགོས་ལ་རྒྱུན་མཐུད་རང་བཞིན་ལའང་བསམ་གཞིགས་གཏོང་དགོས་ལ། གནས་བབ་ཀྱི་འགྱུར་ལྡོག་ལ་གཞིགས་ཏེ་ད་དུང་འཐུས་སྒོ་ཚང་དུ་གཏོང་ཐུབ་པས། ང་ཚོར་ལོ་ཧྲིལ་པོའི་དམིགས་འབེན་ལས་འགན་ལེགས་སྒྲུབ་བྱེད་པའི་ཆོད་སེམས་དང་ནུས་པ་ཡོད།

【1】  【2】  【3】  【4】  【5】  【6】