འཚོལ་བཤེར།   
藏文频道
2020ལོའི་ཟླ་7ཚེས་14ཉིན།

༄༅༎ཡུན་ནན་གྱི་ཁེར་རྐྱང་བཟོ་ཚོང་དུད་ཚང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་ཚད་81.39%ཟིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་14ཉིན། 10:12】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ● ཞིང་ཆེན་ཡོངས་ཀྱི་ཁེར་རྐྱང་བཟོ་ཚོང་དུད་ཚང་2042882ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱས་ནས་སླར་གསོ་ཐུབ་ཚད་81.39%ཟིན་པ།
     འདི་ག་ཚགས་པར་ཁང་དུ་ཁུན་མིང་ནས་ཟླ་7ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཡུན་ནན་ཞིང་ཆེན་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་གནས་ཚུལ་ལ་གཞིགས་ན། ཟླ་7ཚེས་3ཉིན་བར། ཞིང་ཆེན་ཡོངས་ཀྱི་ཁེར་རྐྱང་བཟོ་ཚོང་དུད་ཚང་2042882ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱས་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཐུབ་ཚད་81.39%ཟིན་པ་རེད།
     ཏོག་གསར་གློ་ཚད་རིམས་ནད་ཐོན་རྗེས། ཡུན་ནན་ཞིང་ཆེན་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཐོན་སྐྱེད་དང་། འཁོར་རྒྱུག འཛད་སྤྱོད། ལྟ་འདོམས་བཅས་ཀྱི་འཁོར་སྦྲེལ་ལེགས་སུ་བཏང་ནས་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་དང་། ཁྲོམ་རའི་མཁོ་སྤྲོད་འགན་ལེན། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་རྒྱབ་སྐྱོར་བཅས་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཉིས་ཀར་དམ་འཛིན་དང་། གཉིས་ཀར་འཐུས་ཤོར་མི་འགྲོ་བ། གཉིས་ཀར་སྐུལ་འདེད་གཏོང་བ་བཅས་བྱས་པ་རེད།
     བསྡོམས་རྩིས་ལས་མངོན་གསལ། འདི་ལོའི་ལོ་སྟོད་དུ། ཞིང་ཆེན་ཡོངས་སུ་གསར་དུ་ཐོ་འགོད་བྱས་པའི་ཁྲོམ་རའི་བྱེད་པོ་ཁྲི་33.2ཟིན་ནས་དུས་མཚུངས་ལས་3.56%འཕར་བ་དང་། གསར་དུ་ཐོ་འགོད་བྱས་པའི་ཁེ་ལས་ཁྲི་6.43ཟིན་ནས་དུས་མཚུངས་ལས་14.41%འཕར་བ། གསར་དུ་ཐོ་འགོད་བྱས་པའི་ཁེར་རྐྱང་བཟོ་ཚོང་དུད་ཚང་ཁྲི་26.48ཟིན་ནས་དུས་མཚུངས་ལས་1.85%འཕར་བ་བཅས་རེད།
     ལོ་སྟོད་དུ། ཡུན་ནན་ཞིང་ཆེན་གྱི་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་རི་སྐྱེས་སྲོག་ཆགས་ཁྲོམ་ར་དང་གསོན་བྱ་ཉོ་ཚོང་ཁྲོམ་རར་ལྟ་འདོམས་ནན་པོ་བྱས་ཏེ། ཁྱོན་རི་སྐྱེས་སྲོག་ཆགས་གཉེར་སྐྱོང་ཁང་242914དང་གཉེར་སྐྱོང་དུད་ཚང་744654ལ་ཞིབ་བཤེར་བྱས་པས་ཁྲིམས་འགལ་ངང་རི་སྐྱེས་སྲོག་ཆགས་ཉོ་ཚོང་བྱས་པའི་གྱོད་གཞི་3ཞིབ་བཤེར་ཐག་གཅོད་ཐུབ་པ་དང་། ཞིང་ཆེན་ཡོངས་ཀྱི་གསོན་བྱའི་ཁྲོམ་ར་2093དང་འབྲེལ་བ་ཡོད་པའི་གཉེར་སྐྱོང་དུད་ཚང་7338སྒོ་རྒྱབ་པ། ཁྲོམ་ར་1387གྱི་གཉེར་སྐྱོང་དུད་ཚང་4675གསོན་བྱ་ཉོ་ཚོང་སླར་གསོ་བྱེད་དུ་བཅུག་པ་བཅས་རེད།
     ཡུན་ནན་ཞིང་ཆེན་གྱི་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་གཏན་འབེབས་ལ་མ་གཞིགས་པར་རིན་གོང་གསལ་འགོད་བྱེད་པ་དང་རིན་གོང་ཧམ་སྤོར་བྱེད་པ་སོགས་ཁྲོམ་ར་ཟང་ཟིང་བཟོ་བའི་ཁྲིམས་འགལ་བྱེད་སྤྱོད་ཞིབ་བཤེར་ཐག་གཅོད་བྱས་པ་དང་། ལོ་སྟོད་དུ་ཁ་རས་བཟོ་ཚོང་དུད་ཚང་259828དང་། སྨན་རྫས་གཉེར་སྐྱོང་དུད་ཚང་339515 དུག་སེལ་དང་ནད་འབུ་གསོད་ཆས་259761བཅས་ལ་ཞིབ་བཤེར་བྱས་པ་དང་། རིན་གོང་ཁྲིམས་འགལ་གྱི་གྱོད་གཞི་284དང་སྨན་རྫས་ཁྲིམས་འགལ་གྱི་གྱོད་གཞི་31ཞིབ་བཤེར་ཐག་གཅོད་བྱས་པ་རེད།