འཚོལ་བཤེར།   
藏文频道
2020ལོའི་ཟླ་7ཚེས་2ཉིན།

༄༅།།ཨ་རི་ཕྱོགས་ཀྱིས་ཀྲུང་གོའི་སྨྱན་སྦྱོར་ལ་གནོན་ཤུགས་སྤྲད་པར་དམིགས་ནས་ཀྲུང་གོ་ཕྱོགས་ཀྱིས་
འདྲ་མཚུངས་ཀྱི་རྒོལ་ལན་སློག་རྒྱུའི་བྱེད་ཐབས་སྤྱད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་02ཉིན། 13:01】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཨ་རི་ཕྱོགས་ཀྱིས་ཉེ་ཆར་ཀྲུང་གོའི་སྨྱན་སྦྱོར་4“ཕྱི་རྒྱལ་གྱི་གཞུང་ཚབ་ཚོགས་པའི”ཁོངས་སུ་བཅུག་ནས་དོ་དམ་བྱེད་པར་དམིགས་ནས། ཚེས་1ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་ཀྲུང་གོ་ཕྱོགས་ཀྱིས་རྒོལ་ལན་སློག་རྒྱུའི་བྱེད་ཐབས་ཁྱབ་བསྒྲགས་བྱས་ཏེ་ཨ་རིའི་མཉམ་འབྲེལ་འཕྲིན་གཏོང་ཁང(AP)དང་། ཨ་རིའི་རྒྱལ་སྤྱིའི་ཧོ་ཀྲུང་ཁང(UPI)  ཨ་རིའི་ཁོ་ལོམ་པི་ཡ་རླུང་འཕྲིན་ཀུང་སི(CBS)  ཨ་རིའི་རྒྱལ་ཡོངས་སྤྱི་པའི་རླུང་འཕྲིན་ལས་ཁུངས(NPR)བཅས་ཀྱིས་ཉིན་དེ་ནས་བཟུང་གི་ཉིན་7ནང་ཀྲུང་གོ་ཕྱོགས་ལ་ཀྲུང་གོའི་མངའ་ཁོངས་ནང་གི་ལས་དོན་མི་སྣ་དང་། ནོར་དོན། གཉེར་སྐྱོང་། དེར་དབང་པའི་གཏན་འཇགས་རྒྱུ་ནོར་གྱི་ཆ་འཕྲིན་སོགས་ཚང་མའི་ཡིག་ཐོག་དཔྱད་གཞིའི་སྙན་ཞུ་འབུལ་དགོས་པའི་བླང་བྱ་བཏོན་པ་རེད།
     ཀྲའོ་ལི་ཅན་གྱིས་ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག ཉེ་བའི་ལོ་ཤས་རིང་ཨ་རི་སྲིད་གཞུང་གིས་ཨ་རིར་བཅའ་སྡོད་ཀྲུང་གོའི་སྨྱན་སྦྱོར་སྒྲིག་གཞི་དང་མི་སྣའི་རྒྱུན་གཏན་གསར་འགྱུར་སྤེལ་གཏོང་བྱེད་སྒོར་དོན་མེད་ཚོད་འཛིན་དང་། དོན་མེད་རྙོག་བཟོ་བྱས་ནས་ཀྲུང་གོའི་སྨྱན་སྦྱོར་ལ་མཐོང་ཆུང་དང་ཆབ་སྲིད་ཀྱི་གནོན་ཤུགས་སྤྲོད་རྒྱུ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད། 2020ལོའི་ཟླ་2ཚེས་18ཉིན་ཨ་རི་ཕྱོགས་ཀྱིས་ཤིན་ཧྭ་གསར་འགྱུར་ཁང་དང་། 《ཀྲུང་གོ་ཉིན་རེའི་ཚགས་པར》གྱི་ཨ་རིའི་འགྲེམས་སྤེལ་ཀུང་སི། ཀྲུང་གོ་རྒྱལ་སྤྱིའི་བརྙན་འཕྲིན་ལས་ཁུངས(CGTN) ཀྲུང་གོ་རྒྱལ་སྤྱིའི་རླུང་འཕྲིན་ལས་ཁུངས། 《མི་དམངས་ཉིན་རེའི་ཚགས་པར》གྱི་ཕྱི་རྒྱལ་པར་གཞིའི་ཨ་རིའི་སྤྱི་ཁྱབ་ལས་ཚབ(ཧའེ་ཐེན་འཕེལ་རྒྱས་ཚད་ཡོད་ཀུང་སི)བཅས་ཨ་རིར་བཅའ་སྡོད་ཀྲུང་གོའི་སྨྱན་སྦྱོར་སྒྲིག་གཞི་5“ཕྱི་རྒྱལ་གྱི་གཞུང་ཚབ་ཚོགས་པའི”ཁོངས་སུ་བཅུག་པ་རེད། ཀྲུང་གོ་ཕྱོགས་ཀྱིས་ཟླ་3ཚེས་18ཉིན་འདྲ་མཚུངས་ཀྱིས“ཨ་རིའི་སྐད་སྒྲ”དང《ཉིའུ་གཡོད་སྐབས་དོན་ཚགས་པར》 《ཝར་ཅེ་ཁྲོམ་གཞུང་ཉིན་རེའི་ཚགས་པར》 《དུས་རབས་གཟའ་འཁོར་དུས་དེབ》 《ཝ་ཧྲིང་ཐོན་སྦྲག་སྲིད་ཚགས་པར》བཅས་ཀྱི་ཀྲུང་གོར་བཅའ་སྡོད་ཨ་རིའི་སྨྱན་སྦྱོར་སྒྲིག་གཞི་5ཡིས་ཕྱི་འབྲེལ་པུའི་གསར་འགྱུར་སིར་ཀྲུང་གོའི་མངའ་ཁོངས་ནང་གི་ལས་དོན་མི་སྣ་དང་། ནོར་དོན། གཉེར་སྐྱོང་། དེར་དབང་པའི་གཏན་འཇགས་རྒྱུ་ནོར་གྱི་ཆ་འཕྲིན་སོགས་ཚང་མའི་ཡིག་ཐོག་དཔྱད་གཞིའི་སྙན་ཞུ་འབུལ་དགོས་པའི་བླང་བྱ་བཏོན་ཡོད་པ་རེད་ཅེས་བརྗོད།
     ཀྲའོ་ལི་ཅན་གྱིས་ཟླ་6ཚེས་22ཉིན་ཨ་རི་ཕྱོགས་ཀྱིས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས(CCTV)དང《མི་དམངས་ཉིན་རེའི་ཚགས་པར》 《གོ་ལ་ཧྲིལ་པོའི་སྐབས་དོན་ཚགས་པར》 ཀྲུང་གོ་གསར་འགྱུར་ཁང་བཅས་ཀྲུང་གོའི་སྨྱན་སྦྱོར་4“ཕྱི་རྒྱལ་གྱི་གཞུང་ཚབ་ཚོགས་པའི”ཁོངས་སུ་བཅུག་ནས་དོ་དམ་བྱ་རྒྱུ་ཡིན་ཞེས་སླར་ཡང་ཁྱབ་བསྒྲགས་བྱས་པ་རེད། ཨ་རི་ཕྱོགས་ཀྱི་གོང་གསལ་བྱ་སྤྱོད་ལ་རྒོལ་ལན་སློག་པའི་ངོས་ནས་ཀྲུང་གོ་ཕྱོགས་ཀྱིས་ཨ་རིའི་མཉམ་འབྲེལ་འཕྲིན་གཏོང་ཁང་(AP)དང་། ཨ་རིའི་རྒྱལ་སྤྱིའི་ཧོ་ཀྲུང་ཁང་(UPI)  ཨ་རིའི་ཀོ་ལུན་པི་ཡ་རླུང་འཕྲིན་ཀུང་སི(CBS)  ཨ་རིའི་རྒྱལ་ཡོངས་སྤྱི་པའི་རླུང་འཕྲིན་ལས་ཁུངས(NPR)བཅས་ཀྱིས་ཉིན་དེ་ནས་བཟུང་གི་ཉིན་7ནང་ཀྲུང་གོ་ཕྱོགས་ལ་ཀྲུང་གོའི་མངའ་ཁོངས་ནང་གི་ལས་དོན་མི་སྣ་དང་། ནོར་དོན། གཉེར་སྐྱོང་། དེར་དབང་པའི་གཏན་འཇགས་རྒྱུ་ནོར་བཅས་ཀྱི་ཆ་འཕྲིན་སོགས་ཚང་མའི་ཡིག་ཐོག་དཔྱད་གཞིའི་སྙན་ཞུ་འབུལ་དགོས་པའི་བླང་བྱ་བཏོན་ཡོད་ཅེས་བརྗོད།
     ཁོང་གིས“གསལ་སྟོན་བྱེད་དགོས་པ་ཞིག་ལ། ཀྲུང་གོ་ཕྱོགས་ཀྱི་གོང་གསལ་བྱེད་ཐབས་དེ་དག་ནི་ཨ་རི་ཕྱོགས་ཀྱིས་ཁུངས་ལུང་མེད་པའི་སྒོ་ནས་ཨ་རིར་བཅའ་སྡོད་ཀྲུང་གོའི་སྨྱན་སྦྱོར་སྒྲིག་གཞིར་གནོན་ཤུགས་སྤྲད་པ་ལས་འདྲ་མཚུངས་ཀྱི་རྒོལ་ལན་མ་སློག་ཀ་མེད་དུ་འགྱུར་བ་ཞིག་ཡིན་པས། དེ་ནི་ལུགས་མཐུན་འགོག་སྲུང་ཞིག་ཡིན། ཨ་རི་ཕྱོགས་ཀྱི་འབྲེལ་ཡོད་བྱེད་སྟངས་ནི་འཇམ་འཐབ་ཀྱི་བསམ་གཞིགས་དང་འདུ་ཤེས་འཛིན་སྟངས་ཀྱི་ཕྱོགས་ཞེན་ལ་བརྟེན་པ་ཞིག་ཡིན་ལ། ཀྲུང་གོའི་སྨྱན་སྦྱོར་གྱི་སྙན་གྲགས་དང་གཟུགས་བརྙན་ལ་གནོད་འཚེ་ཚབས་ཆེན་བཟོས་པ་དང་། ཀྲུང་གོའི་སྨྱན་སྦྱོར་གྱིས་ཨ་རིར་རྒྱུན་ལྡན་གྱི་ལས་དོན་སྒྲུབ་པར་ཤུགས་རྐྱེན་ཚབས་ཆེན་བཟོས་པ། ཀྲུང་གོ་དང་ཨ་རིའི་རྒྱུན་གཏན་གྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ལ་འགོག་རྐྱེན་ཚབས་ཆེན་བཟོས་པས། ཨ་རི་རང་ཉིད་ཀྱིས་འུད་ཤོབ་བྱེད་པའི‘གསར་འགྱུར་རང་དབང’ཟེར་བར་རྫུས་མའི་རང་བཞིན་མངོན་ཡོད”ཅེས་བཤད།
     ཀྲའོ་ལི་ཅན་གྱིས་ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ཀྱིས་འཕྲལ་དུ་བྱེད་སྟངས་ལ་འགྱུར་ལྡོག་བཏང་བ་དང་ནོར་འཁྲུལ་ཡོ་བསྲང་བྱས་ཏེ་ཀྲུང་གོའི་སྨྱན་སྦྱོར་ལ་ཆབ་སྲིད་ཀྱི་གནོན་ཤུགས་དང་དོན་མེད་ཚོད་འཛིན་བྱེད་མཚམས་འཇོག་དགོས་པའི་ལྕག་སྐུལ་བྱ་རྒྱུ་ཡིན་ཞེས་བརྗོད།