འཚོལ་བཤེར།   
藏文频道
2020ལོའི་ཟླ་6ཚེས་30ཉིན།

༄༅།།སློབ་གསོ་པུས་རིམས་ནད་ཀྱི་རྐྱེན་གྱིས་ཡང་བསྐྱར་སློབ་མཚམས་ཆད་རྒྱུ་མཐའ་གཅིག་ཏུ་སྔོན་འགོག་བྱེད་
དགོས་ཞེས་བརྗོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་30ཉིན། 11:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་29ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཚེས་29ཉིན་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་གསལ། སློབ་གསོ་པུའུ་སོགས་སྡེ་ཁག་བཅུ་ཡིས་ཉེ་ཆར་མཉམ་འབྲེལ་ཐོག་《སློབ་མཚམས་མི་ཆད་པ་བྱས་ནས་སློབ་གྲྭར་ཞུགས་ཚད་འགན་སྲུང་བྱེད་པའི་ལས་ཀར་ཤུགས་སྣོན་སྔར་ལས་ལྷག་པ་རྒྱབ་ནས། འོས་འགན་སློབ་གསོ་འགན་སྲུང་དང་ཡུན་རིང་ཕན་ནུས་ལྡན་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ》འགྲེམས་སྤེལ་བྱས་ནས་ནན་བཤད་བྱས་དོན། གཟུགས་པོའི་རྐྱེན་གྱིས་སློབ་སྦྱོང་བྱེད་པའི་ཆ་རྐྱེན་མི་འདང་བ་ཕུད། དབུལ་པོའི་ཁྱིམ་ཚང་གི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་ལོ་ཚད་ལོན་པའི་ལོ་ཆུང་བྱིས་པ་སློབ་ཤོར་དང་སློབ་མཚམས་མི་ཆད་པ་བྱེད་པ་དང་། 2020ལོའི་རྒྱལ་ཡོངས་ཀྱི་ལོ་དགུའི་འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད་95%བར་ཟིན་རྒྱུ་འགན་ལེན་བྱས་ནས། རིམས་ནད་ཀྱི་རྐྱེན་གྱིས་ཡང་བསྐྱར་སློབ་མཚམས་འཇོག་རྒྱུ་མཐའ་གཅིག་ཏུ་སྔོན་འགོག་བྱེད་དགོས།
   འོས་འགན་སློབ་གསོར་འགན་ལེན་ཡོད་པ་བྱ་རྒྱུ་ནི་སློབ་གསོའི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན་ལ། “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་མཐའ་ཚད་ཀྱི་དམིགས་ཚད་གྲས་ཤིག་ཀྱང་ཡིན་པས། དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྐྲུན་པའི་རྒྱུ་སྤུས་དང་འབྲེལ་བ་ཡོད། བསམ་འཆར་ནང་སློབ་ཚན་སླར་གསོ་བྱུང་བ་དང་སྔར་བཞིན་སློབ་མཚམས་ཆད་པའི་སློབ་མའི་གནས་ཚུལ་ཁྱོན་ཡོངས་ནས་གསེད་བཀྲོལ་བྱེད་དགོས་པ་དང་། མི་གཅིག་ལ་ཇུས་གཞི་གཅིག་གི་ཐོག་ནས་ལས་ཀའི་ཇུས་གཞི་བཟོས་ཏེ་ཕྱིར་ལོག་བྱ་རྒྱུའི་ཁ་ཏ་བསླབ་བྱ་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་དབུལ་པོའི་སློབ་མཚམས་ཆད་པའི་སློབ་མ་འདི་ལོའི་སྟོན་དུས་ཀྱི་སློབ་དུས་ལ་ཚང་མ་ཕྱིར་ལོག་བྱེད་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
    སློབ་སྦྱོང་ལ་དཀའ་ངལ་ཡོད་པ་དང་། ཕྱིར་ལས་མི་བྱེད་པར་ཕྱིན་པ། སྔ་པོ་ནས་གཉེན་སྒྲིག་དང་སྔ་པོ་ནས་ཕྲུ་གུ་སྐྱེས་པ། ཆོས་དད་སོགས་ཀྱི་རྐྱེན་གྱིས་སློབ་མཚམས་ཆད་པའི་གནས་ཚུལ་ལ། བསམ་འཆར་ནང་ལས་ཀའི་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱས་ནས་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན་ཡོད། སློབ་སྦྱོང་ལ་དཀའ་ངལ་ཡོད་པའི་དབང་གིས་་སློབ་མཚམས་ཆད་པའི་སློབ་མར། སློབ་སྦྱོང་ལ་དཀའ་ངལ་ཡོད་པའི་སློབ་མར་རོགས་སྐྱོར་བྱེད་པའི་ལམ་ལུགས་འཛུགས་པ་དང་། དམིགས་སའི་རང་བཞིན་ལྡན་པའི་ངང་སློབ་ཁྲིད་འཆར་གཞི་བཟོ་བ། འཛིན་གྲྭ་བར་འཇུག་དང་། ལོགས་སུ་འཛིན་གྲྭ་བཟོ་བ། ལས་རིགས་ཁྱབ་གདལ་མཉམ་འདྲེས་སོགས་བྱེད་ཐབས་སྣ་ཚོགས་བརྒྱུད་ནས་སློབ་གསོ་བཀོད་སྒྲིག་ལས་དོན་ཡག་པོ་སྒྲུབ་སྟེ། ཕྱིར་ལས་མི་བྱེད་པར་བསྐྱོད་ནས་སློབ་མཚམས་ཆད་པའི་སློབ་མར་འབྲེལ་ཡོད་སྡེ་ཚན་དང་མཉམ་ལས་བྱས་ནས་སློབ་གྲྭར་ཕྱིར་ལོག་གི་ཁ་ཏ་བསླབ་བྱ་བྱེད་པའི་ལམ་སྲོལ་བཙུགས་ཏེ་ཆ་འཕྲིན་དུས་ཐོག་ཏུ་ཕན་ཚུན་བརྡ་ཁྱབ་བཏང་སྟེ། བྱིས་པ་ལས་ཀར་བཀུག་པའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་དགོས། གཉེན་སྒྲིག་སྔ་བ་དང་ཕྲུ་གུ་སྐྱེས་སྔ་ནས་སློབ་མཚམས་ཆད་པའི་སློབ་མར་། བཀག་སྡོམ་ནན་པོ་དང་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཆད་པ་གཅོད་པའི་རྨང་གཞིའི་ཐོག སློབ་གྲྭར་འགྲོ་བའི་ལོ་ཚད་ཀྱི་ལོ་ཆུང་བྱིས་པ་དེ་རིགས་སློབ་གྲྭར་ཕྱི་ལོག་བྱས་ནས་སློབ་ཚན་བསྐྱར་ཚུགས་ཀྱི་ལས་ཀ་ནན་ཏན་ངང་ལེགས་པར་བསྒྲུབ་སྟེ། དམིགས་བསལ་ཀྱི་ཐུགས་ཁུར་བྱེད་དགོས། ཆོས་དད་ཀྱི་རྐྱེན་གྱིས་སློབ་མཚམས་ཆད་པའི་སློབ་མར།  རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་དོན་འཁྱོལ་ནན་པོ་བྱས་ནས་ཆོས་ལུགས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་སློབ་གསོའི་ལམ་ལུགས་ལག་བསྟར་བྱ་རྒྱུར་འགོག་རྐྱེན་བཟོས་རིགས་གཏན་འགོག་བྱེད་དགོས། འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་སློབ་གྲྭར་ཕྱིར་ལོག་དང་སློབ་ཚན་བསྐྱར་ཚུགས་ལས་དོན་ཐུན་མོང་ཐོག་ཡག་པོ་བསྒྲུབ་དགོས།