འཚོལ་བཤེར།   
藏文频道
2020ལོའི་ཟླ་6ཚེས་16ཉིན།

༄༅༎མཐའ་ཚད་སྐྱོང་བ། དྲ་མིག་དམ་གཏོང་། ལམ་སྲོལ་འཛུགས་པ།

—— ཟི་ལིང་གིས་སྤྱི་ཚོགས་རོགས་སྐྱོབ་ཀྱི་དྲ་རྒྱ་བཟོས་པའི་སྐོར་བཀོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་16ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     2016ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱིས་དམངས་སྲིད་རོགས་སྐྱོབ་ཀྱི“མ་མཐའི་འགན་ལེན་གྱི་འཆིང་སྡོམ”དང“གཡང་གཟའི་ཕན་འབྲས”སོགས་ཀྱི་གནད་དོན་ལ་དམིགས་ནས་མཐར་ལུས་ཚོགས་སྤྱི་དབུལ་པོར་གནད་སྨིན་རོགས་སྐྱོར་བྱས་པ་རེད། “དབུལ་པོ་དབུལ་རྐྱང”ནས“ལྟོས་བཅས་དབུལ་པོའི”བར་འགྱུར་ལྡོག་འགྲོ་རིང་། “ཉམས་ཞན་ལ་རོགས་སྐྱོར”བྱེད་པའི་ལམ་ལུགས་བཀོད་སྒྲིག་དང་ལམ་སྲོལ་འཛུགས་སྐྱོང་རབ་དང་རིམ་པ་བྱས་ནས་ཟི་ལིང་དུ་སྔར་བས་ཆེ་བ་དང་། སྔར་བས་དམ་ཟབ། སྔར་བས་དྲོ་སྐྱིད་བཅས་ལྡན་པའི་སྤྱི་ཚོགས་རོགས་སྐྱོབ་ཀྱི་དྲ་རྒྱ་ཞིག་བཟོས་པ་རེད།
     བདེ་སྐྱིད་འཚོ་བར་རེ་བས་ཁེངས།
     ཟི་ལིང་གྲོང་ཁྱེར་གྱི་གྲོང་དཀྱིལ་ཁུལ་གྱི་ནན་ཁྲོན་ཤར་ལམ་ཁྲོམ་གཞུང་གི་ཆུ་འཐག་གྲོང་ཚོའི་གྲོང་ལྷན་ནས་ཝེ་ལན་ཁུལ་ཆུང་གི་སྤྱི་པའི་བོགས་གཏོང་ཁང་པའི་སར་རྐང་ཐང་དུ་ཕྱིན་ན་སྐར་མ་10ལས་འགོར་གྱི་མེད། ཟླ་3པའི་ཟླ་མཇུག་ཏུ་ལས་འགོ་བསྐྱར་འཛུགས་བྱས་ཚུན་གྱི་ཟླ་གཉིས་ལྷག་རིང་། ལོ་43ལ་སླེབས་པའི་ཅ་ཡུང་ཧུང་དུས་ཐོག་ཏུ་ལས་ཀར་འགྲོ་བ་དང་ལས་ཀ་གྲོལ་རྗེས་དངོས་སྦྱོང་ལ་སྐྱོད་བཞིན་པའི་བུ་མོ་དང་མཉམ་དུ་ཉིན་ལྟར་ཁྱིམ་དུ་ལོག་ནས་དགོང་མོའི་ཁ་ལག་ཟ་ཡི་ཡོད་པ་རེད།
     ཁྱོ་ག་ཚེ་ལས་འདས་ནས་ལོ་10ལྷག་ཙམ་སོང་ཡོད། ལས་ཡུལ་དུ་ཁ་ལག་བཟོ་བ་དང་སྒོ་རྩིས་ཚོང་ཁང་ལ་ཚོང་ཟོག་སྐྱེལ་བ་སོགས་ཅ་ཡུང་ཧུང་གིས་ལོ་དེ་དག་རིང་ལས་ཀ་ག་ཚོད་བཙལ་བ་གསལ་པོ་ངེས་ཀྱི་མེད། ད་ཆ་ཡོང་འབབ་བརྟན་ལ་ཁྱིམ་དང་ཐག་ཉེ་བའི་ལས་ཀ་འདི་ལྟ་བུ་ཞིག་རག་པ་ནི་ཐེངས་དང་པོ་ཡིན། “དཀར་ཆ་དོད་པའི་སྤྱི་པའི་བོགས་གཏོང་ཁང་པར་ཐེངས་དང་པོ་སྤོས་པ་དང་། ཟླ་རེའི་གླ་ཆ་སྒོར་2000ལེན་རྒྱུ་ཡོད་པའི་སྤྱི་ཕན་གྱི་ལས་གནས་ཐེངས་དང་པོ་རག་པ། བུ་མོས་དངོས་སྦྱོང་གི་ཁ་གསབ་དངུལ་གྱིས་ཉོས་པའི་ལག་རྟགས་ཐེངས་དང་པོ་རག་པ། ཨ་མ་བསུས་ནས་མཉམ་དུ་འཚོ་བ་སྐྱེལ་བའི་ནུས་པ་ཐེངས་དང་པོ་བྱུང་བ་སོགས་ལོ་འདི་གཉིས་རིང་ང་ལ་བདེ་སྐྱིད་ལྡན་པའི‘ཐེངས་དང་པོ’མང་པོ་ཐོབ་བྱུང”ཞེས་ཅ་ཡུང་ཧུང་གིས་བརྗོད་པ་རེད།
     “སྤྱི་པའི་བོགས་གཏོང་ཁང་པའི་ཁང་གླ་70%ཆག་ཡང་བཏང་བ་དང་བུ་མོར་ལོ་གཅིག་ལ་སྒོར་1000གི་སློབ་ཡོན་གྱི་ཁ་གསབ་དངུལ་ཡོད་ཁར་ལོ་གསར་དང་དུས་ཆེན་གཏོང་རིམ་བཞིན་ཁ་གསབ་དངུལ་ཡང་ལེན་རྒྱུ་ཡོད། རིམས་ནད་སྐབས་རྒྱུན་གཏན་བཞིན་གླ་ཆ་ལེན་རྒྱུ་ཡོད་པ་མ་ཟད་ད་དུང་ཟོག་གོང་གི་ཁ་གསབ་སྒོར་600ལྷག་ཙམ་དུས་ཐོག་ཏུ་གཱའི་ནང་བླུག་ཡོང་གི་འདུག”ད་ནི་དཀའ་སྡུག་གི་འཚོ་བ་ལས་སྒྲོལ་སོང་ཞེས་ཅ་ཡུང་ཧུང་གིས་བརྗོད།
     2016ལོར་དམངས་སྲིད་ཀྱིས་རོགས་སྐྱོབ་དང་རོགས་སྐྱོར་བྱེད་པའི་མཐར་ལུས་ཚོགས་སྤྱི་དབུལ་པོའི་ནང་བཅུག་ཚུན། ཅ་ཡུང་ཧུང་ལ་དཀའ་སྡུག་ལས་སྒྲོལ་བའི་བློ་སྟོབས་ཆེན་པོ་ཞིག་བྱུང་།
     ས་མཐོའི་གྲོང་ཁྱེར་ཟི་ལིང་དུ་ཅ་ཡུང་ཧུང་དང་འདྲ་བར་དཀའ་སྡུག་ཆེ་བའི་མང་ཚོགས་ཁྲི་3ལྷག་ཙམ་ལ་སྲིད་གཞུང་གི“ཉམས་ཞན་ལ་རོགས་སྐྱོར”བྱེད་པའི་འདེགས་སྐྱོར་ནུས་ལྡན་འོག“མཉམ་གནས”ཀྱི་དྲོ་སྐྱིད་དང་རེ་བ་བརྟན་སྲུང་བྱས་པ་རེད།
     སྡུག་གི་ཁུར་པོ་ཡང་དུ་སོང་།
     དོས་སྐྱེལ་རླངས་འཁོར་གྱི་ཁ་ལོ་བ་མཱ་ཅན་གོའང་དེ་སྔོན་དཀའ་སྡུག་གི་གནས་སུ་གྱར་མྱོང་། 2008ལོར་ཕྲུ་གུ་ཟླ་ཁ་མ་གང་བར་སྐྱེས་ནས་རིག་པ་དབང་སྐྱོན་ཆགས་ཡོད། དེ་རྗེས་ས་ཕྱོགས་གང་སར་བསྐྱོད་ནས་སྨན་བཅོས་བྱས་ཀྱང་ནང་མི་ཡོངས་རེ་ཐག་ཆད་པར་གྱུར། བཟའ་ཟླས་ལས་ཀ་ནས་རྩ་དགོངས་ཞུས་ཏེ་ཁྱིམ་དུ་ཕྲུ་གུར་ལྟ་སྐྱོང་བྱས་པ་དང་། ཁོང་ཡང་ཐག་རིང་པོར་འགྲོ་མི་ནུས་པར་བརྟེན་ཡོང་འབབ་ཕྲན་བུ་ལས་མེད་པ་རེད། “གཉེན་ཉེ་ཚང་མར་དངུལ་གཡར་བ་དང་བཟའ་ཟླས་སྐལ་རྫོངས་ཀྱི་རྒྱན་ཆ་གཅིག་ཀྱང་མ་ལུས་པར་བཙོངས་ཤིང་། རྡོ་སོལ་གྱི་རིན་པ་གྲོན་ཆུང་བྱ་ཆེད་དགུན་དུས་ཐབ་ནང་མེ་ཡང་དེ་ཙམ་གཏོང་གི་མེད། ཐེངས་ཞིག་དངོས་ཟོག་སྐྱེལ་འདྲེན་གྱི་ལམ་དུ་ཕྲུ་གུ་སླར་ཡང་ན་བ་ཤེས་པས་ང་དང་བཟའ་ཟླ་ཁ་པར་གྱི་ཕྱོགས་གཉིས་ནས་ངུ་ཤོར་བྱུང”ཞེས་མཱ་ཅན་གོ་ཡིས་བརྗོད།
     “ཁོ་ཚོ་དེ་སྔོན་རོགས་སྐྱོབ་བྱེད་དཀའ་བའི་སར་གནས་ཡོད”སྔོན་ཆད་མ་མཐའི་འགན་བཅོལ་གྱི་རོགས་སྐྱོབ་དེ་ཁྱིམ་ཚང་ཉིད་ཚན་པར་བྱེད་ཀྱི་ཡོད་པ་དང་། གལ་སྲིད་སུ་ཞིག་གི་ཡོང་འབབ་དེ་མ་མཐའི་འགན་ལེན་གྱི་ཚད་གཞི་ལས་བརྒལ་ན། ཁྱིམ་ཚང་དེ་ཉིད་དམངས་སྲིད་རོགས་སྐྱོབ་ཀྱི་ཆ་རྐྱེན་དང་འཚམ་གྱི་མེད་ལ་དེ་བས་ཀྱང་མ་མཐའི་འགན་ལེན་དང་དེའི་ཐོག་བསྣན་པའི་སྨན་བཅོས་དང་། སློབ་གསོ། སྡོད་ཁང་། ལས་ཞུགས་སོགས་ཀྱི་རོགས་སྐྱོར་ལོངས་སུ་སྤྱོད་ཐབས་བྲལ་ཡོད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སོང་བ་དང་བསྟུན་ནས་གྲོང་ཁྱེར་གྱི་མི་འབོར་དབུལ་པོའི་རིགས་ཀྱང་ཉིན་བཞིན་སྣ་མང་ཅན་དུ་སོང་བ་དང་། མ་མཐའི་འགན་ལེན“ཕྱི་ནང”གི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱིས་རོགས་སྐྱོབ་སྲིད་ཇུས་ཐད་འབྲེལ་མཐུད་ནུས་ལྡན་བྱེད་ཁག་པོ་ཡོད་པར་བརྟེན། དཀའ་ངལ་འཕྲད་སླ་པོ་ཡོད་ཅེས་ཟི་ལིང་གྲོང་ཁྱེར་དམངས་སྲིད་ཅུས་ཀྱི་ཅུས་ཀྲང་སུའུ་ལི་ཧུང་གིས་བརྗོད།
     གསར་འགོད་པས་ཟི་ལིང་གྲོང་ཁྱེར་ཁོངས་གཏོགས་ཀྱི་གྲོང་ཤར་ཁུལ་དང་། གྲོང་དཀྱིལ་ཁུལ། གསེར་ཁོག་རྫོང་སོགས་ཀྱི་ཡོང་འབབ་དམའ་བའི་ཁྱིམ་ཚང་10ལྷག་ཙམ་ལ་འདྲི་རྟོགས་བྱེད་སྐབས། ལས་ཤོར་མི་སྣ་དང་། ལས་ཐོག་ཏུ་ཡོད་པའི་གཞི་རིམ་ཡུལ་མི་དབུལ་པོ། དལ་བའི་རང་བཞིན་གྱི་ན་ཚ་ཕོག་པའམ་ཡང་ན་དབང་པོ་སྐྱོན་ཅན་ཡིན་པའི་ཡོང་འབབ་དམའ་བའི་ཡུལ་མི། གྲོང་ཁྱེར་དུ་གླ་པ་རྒྱུག་བཞིན་པའི་ཡོང་འབབ་དམའ་བའི་རིགས་སོགས་ཀྱིས་གྲུབ་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་བའི་རྒྱབ་ཕྱོགས་སུ་དཀའ་ངལ་ཆེན་པོ་ཞིག་ཡོད་པ་དང་། ཁོང་ཚོ་ཚང་མའི་སེམས་ཁྲལ་བྱེད་ས་ནི་ན་ཚ་བྱུང་ན་སྨན་བཅོས་བྱེད་དཀའ་བ་དང་ཕྲུ་གུ་སློབ་གྲྭར་གཏོང་བའི་དངུལ་མེད་པ་དེ་གཉིས་ཡིན་པ་ཤེས་བྱུང་།
     2016ལོའི་བསྡོམས་རྩིས་གྲངས་གཞི་ལས་མངོན་པ་ལྟར་ན། ཟི་ལིང་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡོང་འབབ་དམའ་བའི་མི་འབོར་ཁྲི་3.1ཡོད་པ་དེས་སྤྱིའི་མི་འབོར་གྱི་2.4%བཟུང་ཡོད་པའི་ནང་ན་ཚ་དང་སློབ་ཡོན་གྱིས་རྐྱེན་པས་དབུལ་པོར་གྱུར་རིགས་མི་ཁྲི་1.06ཡོད་པ་དེས་34.2%བཟུང་ཡོད་པ་རེད།
     གནད་སྨིན་རོགས་སྐྱོབ་དོན་སྨིན་བྱུང་།
     ལོ་3རིང་ཟི་ལིང་གྲོང་ཁྱེར་གྱིས“མཐར་ལུས”ཀྱི་ནང་དོན་རྒྱ་བསྐྱེད་དེ་འགན་ལེན་བྱེད་དགོས་རིགས་ཚང་མར་འགན་ལེན་བྱས་ནས“དྲུག་སྒྲིལ་གཅིག”གི་མཐུན་སྦྱོར་ལམ་སྲོལ་དང་ཆ་འཕྲིན་ལས་སྟེགས་བཙུགས་ནས་དམངས་སྲིད་དང་། ལས་ཞུགས། ཁང་པ། འཕྲོད་བསྟེན། སློབ་གསོ། རིག་རླུང་བརྙན་བཅས་སྡེ་ཚན་6གི་འབྲེལ་ཡོད་འགན་ནུས་ལས་འགན་བསྡུ་སྒྲིལ་བྱས་ནས་གནད་སྨིན་ངོས་འཛིན་དང་། གནད་སྨིན་རོགས་སྐྱོབ། ཕྱིར་འཐེན་ལམ་སྲོལ། ལེ་ལག་ཚང་བའི་སྲིད་ཇུས། མ་དངུལ་འགན་ལེན། སྡེ་ཚན་མཉམ་ལས་བཅས་ཕྱོགས་6ནས་དངོས་འཐབ་སྤྱད་དེ་རོགས་སྐྱོབ་ཀྱི་ཕན་འབྲས་ཆེ་ཤོས་ཐོན་རྒྱུར་སྐུལ་འདེད་བཏང་བ་རེད།
     གནད་སྨིན་ནི“གཡང་གཟའི་ཕན་འབྲས”སྔོན་འགོག་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་རེད། ཐོག་མར་ཁས་ལེན་ངོས་འཛིན་བྱེད་ཐབས་ཁ་གསལ་བཟོས་ནས་མི་རེའི་ཆ་སྙོམས་ཡོང་འབབ་དེ་མ་མཐའི་འཚོ་བའི་འགན་ལེན་གྱི་ཚད་གཞི་ལས་150%ཡིས་དམའ་བ་ཡོད་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡོང་འབབ་དམའ་བའི་ཁྱིམ་ཚང་ལ་གཙོ་གནད་རོགས་སྐྱོབ་བྱེད་པ་དང་སྦྲགས། མ་མཐའི་འཚོ་བའི་འགན་ལེན་ཁྱིམ་ཚང་གི་རོགས་སྐྱོབ་ཆུ་ཚད་ཀྱི་60%ཡི་ཚད་གཞི་ལྟར་ད་ལྟ་ལག་བསྟར་བྱེད་བཞིན་པའི་སྲིད་ཇུས་ཀྱི་རོགས་སྐྱོབ་ཁག་དོན་འཁྱོལ་བྱེད་དགོས།
     ཟི་ལིང་གྲོང་ཁྱེར་དམངས་སྲིད་ཅུས་སྤྱི་ཚོགས་རོགས་སྐྱོབ་དང་ཁུལ་དབྱེའི་ས་མིང་ལས་དོན་ཁོའོ་ཡི་ཁོའོ་ཀྲང་ཀྲང་དབྱིང་ཞུའེ་ཡིས། ཆུས་དང་རྫོང་ཁག་དང་ཁྲོམ་གཞུང་ཁག་གིས་མཐིལ་རྟོགས་གྲལ་བཤེར་བྱས་ནས་ཡོང་འབབ་དང་འཚོ་བའི་གནས་བབ་དངོས་སོགས་གཞི་འཛིན་སར་བྱས་ཏེ། ཡོང་འབབ་དམའ་བའི་ཞིབ་བསྡུར་ལྟེ་གནས་དང་། སྡོད་ཁང་ཡིག་ཚགས། སྨན་བཅོས་བདེ་ཐང་ཡིག་ཚགས་སོགས་ཀྱི་ཆ་འཕྲིན་ཕྱོགས་བསྡུས་ཞིབ་བསྡུར་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་དུས་ཐོག་ཏུ་ཆ་རྐྱེན་དང་འཚམ་པའི་ཁྱིམ་ཚང་ཞིབ་མཆན་གྱི་ཁྱབ་ཁོངས་ནང་བཅུག་ནས་འགུལ་རྣམ་དོ་དམ་ལག་བསྟར་བྱེད་ཀྱི་ཡོད་ཅེས་བརྗོད།
     རོགས་སྐྱོབ་ཁྱབ་ཁོངས་ནང་ཐོག་མར་བཅུག་པའི་མཱ་ཅན་གོའི་ཁྱིམ་ཚང་ལ་མཚོན་ན། ལོ་གསུམ་རིང་ལོ་ལྟར་སྒོར་7329ཡི་རོགས་སྐྱོབ་མ་དངུལ་ལེན་ཐུབ་པ་དང་། ན་ནིང་དགུན་དུས་དྲོད་ལེན་ཁ་གསབ་མ་དངུལ་སྒོར་1000ལེན་ཐུབ་པ་བྱུང་བ། ཕྲུ་གུ་ད་དུང་ཚབས་ཆེའི་དབང་པོ་སྐྱོན་ཅན་གྱི་ཚད་གཞི་ལྟར་མ་མཐའི་འཚོ་བའི་འགན་ལེན་གྱི་སྲིད་ཇུས་ནང་ལོགས་སུ་བཅུག་ནས་ཟླ་རེར་སྒོར་643གྱི་མ་མཐའི་འཚོ་བའི་འགན་ལེན་ལོངས་སུ་སྤྱོད་ཀྱི་ཡོད་པ་རེད།
     བཟའ་ཟླ་ཏེང་ཡུས་ལན་གྱིས། རིམས་ནད་རིང་དམངས་སྲིད་སྡེ་ཚན་དང་སྡེ་ཁུལ་གྱི་ལས་བྱེད་པ་རྣམས་ཁྱིམ་ཚང་གི་གནས་ཚུལ་བཀའ་འདྲི་གནང་བར་ཐེངས་མང་ཕེབས་པ་དང་། གསར་དུ་སྣོན་པའི་འཚོ་བའི་འགན་ལེན་མ་དངུལ་དང་ཟོག་གོང་གི་ཁ་གསབ་མ་དངུལ་སྒོར་6800སྤྲད་བྱུང་། “འཚོ་བར་སེམས་ཁྲལ་མི་འདུག ད་ལྟ་རེ་བ་ཆེ་ཤོས་ནི་ཕྲུ་གུ་དྲག་སྐྱེད་བྱུང་ན་བསམ་གྱི་འདུག”ཅེས་བཤད།
     ཕུགས་ཕན་འགན་སྲུང་མངོན་འགྱུར་བྱུང་།
     སྲིད་ཇུས་བཟང་པོའི་ཉི་འོད་ས་གཞི་ཡོངས་སུ་ཁྱབ་པ་དང་། ཟི་ལིང་གྲོང་ཁྱེར་གྱིས་ལོ་3རིང་རིམ་རྩིས་བྱས་ན་གྲོང་ཁྱེར་གྱི་མཐར་ལུས་ཚོགས་སྤྱི་དབུལ་པོར་དམིགས་ནས་རིགས་ཁག་གི་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་5ལས་བརྒལ་བ་གཤམ་སྤྲོད་བྱས་པར་མི་ཁྲི་3ལ་ཕན་པ་ཐོབ་ཡོད་པ་དང་མཐར་ལུས་ཡོང་འབབ་དམའ་བའི་དཀའ་ངལ་ཡོད་པའི་ཚོགས་སྤྱི་མི་གྲངས་1095བར་ཉུང་དུ་སོང་ཡོད་པ་རེད།
     དམངས་འཚོའི་ཞན་ཆ་སེལ་ནས་མི་སེམས་དྲོ་བར་བྱས། བཅར་འདྲི་བྱེད་སྐབས་མཐར་ལུས་ཀྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་ཕྲུ་གུ་ཚོས“ཐུགས་རྗེ་ཆེ”ཞེས་བརྗོད་པ་ཕུད། ད་དུང“སློབ་སྦྱོང་ལ་འབད་བརྩོན་བྱས་ནས་ལས་ཀ་རག་པ་བྱས་ཏེ། རོགས་སྐྱོབ་ཀྱི་མིང་སྐལ་དེ་དག་གང་མགྱོགས་དགོས་མཁོ་ཡོད་པའི་མི་གཞན་ལ་སྤྲོད་ཀྱི་ཡིན”ཞེས་བརྗོད་ཀྱི་ཡོད།
     “གཤགས་བཅོས་ལེགས་གྲུབ་བྱུང་རྗེས་བུ་མོར་འགྱུར་བ་ཆེན་པོ་བྱུང་ནས། སློབ་གྲོགས་ཚོ་དང་སྤེལ་རེས་ཐེངས་མང་བྱས་རྗེས་དཔེ་མཛོད་ཁང་གི་སྤྱི་ཕན་ལས་གནས་ཤིག་རག་བྱུང”ཞེས་ཁྲེན་ཀྲུང་ཞིས་བརྗོད།
     དམངས་སྲིད་པུའུ་སྤྱི་ཚོགས་རོགས་སྐྱོབ་སིའི་སི་ཀྲང་ལིའུ་ཞིས་ཐང་གིས་མིག་སྔར་རང་རྒྱལ་སྤྱི་ཚོགས་ཀྱི་རོགས་སྐྱོབ་ཐ་སྐྱོང་འགན་ལེན་ཐད་ད་དུང་སྔར་བཞིན་མི་འདང་བ་དང་ས་ཁུལ་མང་པོ་ཞིག་གི་ཡོང་འབབ་དམའ་བའི་ཁྱིམ་ཚང་དང་གཏོང་སྒོ་རང་བཞིན་གྱི་ཁྱིམ་ཚང་དབུལ་པོ་ད་དུང་རོགས་སྐྱོབ་ཀྱི་ཁྱབ་ཁོངས་ནང་བཅུག་མེད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་སྤྱི་ཚོགས་རོགས་སྐྱོབ་ཐད་ད་དུང་མ་འཇོག་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་ཚོགས་ཡོངས་མཉམ་ཞུགས་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། རོགས་སྐྱོབ་ཀྱི་སྤུས་ཚད་མཐོ་རུ་གཏོང་བ། ཐ་སྐྱོང་གི་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས་ཞེས་བརྗོད།
     ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང“ཉམས་ཞན་ལ་རོགས་སྐྱོར”བྱེད་པ་བཏོན་པ་ལས་རང་རྒྱལ་གྱི་དམངས་འཚོའི་འགན་ལེན་ནང་དོན་རྒྱ་བསྐྱེད་བྱས་ཡོད། སུའུ་ལེ་ཧུང་གིས། ཟི་ལིང་གྲོང་ཨུད་ཀྱིས་དོན་དངོས་ལ་གཞི་ཚུགས་ཏེ་གསར་གཏོད་འཚོལ་ཞིབ་བྱས་ནས་ནང་དོན་དེ་དོན་ཐོག་ཏུ་འཁྱོལ་བ་བྱས་ནས“མཐའ་ཚད་སྐྱོང་བ་དང་། དྲ་མིག་དམ་གཏོང་། ལམ་སྲོལ་འཛུགས་པ”བཅས་བྱེད་པ་དང་ད་དུང་གྲུབ་འབྲས་གསར་པ་གཏོད་ནས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱིས་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་ཚོར་ཐུབ་པ་བྱེད་དགོས་ཞེས་བཤད།