འཚོལ་བཤེར།   
藏文频道
2020ལོའི་ཟླ་6ཚེས་15ཉིན།

༄༅༎ཁྱིམ་ཚང་གཅིག་གི་མི་རབས་བཞིའི་མི་རིགས་བཞི།

—— ལོ་92ལ་སླེབས་པའི་བོད་རིགས་ས་ཁུལ་གྱི་རྒད་པོ་ཞིག་གིས“མཐུན་སྒྲིལ་གྱི་ཉམས་མྱོང”གླེང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་15ཉིན། 10:02】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     “ངེད་ཚང་གི་མི་རབས་བཞིར་མི་24ཡོད་པའི་ནང་མི་རིགས་མི་འདྲ་བ་བཞི་ཡོད། ལོ་མང་རིང་ཚང་མ་འཆམ་ལ་སྤྲོ་སྣང་ལྡན་པ་ཞིག་ཡོད”ཅེས་ལོ་92ལ་སླེབས་པའི་རྒྱ་རིགས་རྒད་པོ་ཡེ་ཏེ་ཞང་གིས་འཛུམ་དམུལ་དམུལ་ངང་བཤད།
     རྒད་པོ་ཡེ་ཏེ་ཞང་གི་ཁྱིམ་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་ཡི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་ཅིང་ལུང་སྡེ་ཁུལ་དུ་ཡོད། ཁོང་གི་བཟའ་ཟླའི་མིང་ལ་མེའོ་སྒྲོལ་མ་ཟེར་བ་དེ་བོད་རིགས་ཡིན་པ་དང་། ཁོང་གཉིས་1953ལོར་གཉེན་སྒྲིག་བྱས་ནས་ཕྲུ་གུ་བུ་མོ་གསུམ་དང་བུ་གཅིག་ཡོད། བུ་མོ་རྒན་པ་ཡེ་ཧུང་དབྱིན་གྱི་བཟའ་ཟླ་ནི་ཧུད་རིགས་ཡིན་པ་དང་། དེ་གཉིས་ཀྱི་བུ་མཱ་ཡུང་ལ་རྒྱ་རིགས་བུ་མོ་ཞིག་མནའ་མར་བླངས་ཡོད། བུ་མོ་གཉིས་པ་ཡེ་ཧུང་ཀྲེན་གྱི་བུ་ཡེ་ཙུང་པའོ་ཡིས་འཇང་རིགས་ཀྱི་བུ་མོ་ཞིག་མནའ་མར་བླངས་ཡོད། ཁོང་ཚོའི་ཁྱིམ་ཚང་གཅིག་གི་མི་རབས་བཞིའི་ནང་མི་རིགས་མི་འདྲ་བ་བཞི་ཡོད་པ་ཚང་མ་འཆམ་མཐུན་ངང་མཉམ་དུ་གནས་པར་བརྟེན་སྡེ་ཁུལ་གྱི་དཔེ་མཚོན་ཁྱིམ་ཚང་ཞིག་ཏུ་གྱུར་ཡོད།
     “ཁྱིམ་དུ་མི་འབོར་མང་ལ་མི་རིགས་ཀྱང་མང་བས་ཡུལ་སྲོལ་གོམས་གཤིས་ཀྱང་གཅིག་པ་མིན། ཡིན་ནའང་། ཚང་མ་སྔར་ནས་ད་བར་འཆམ་མཐུན་ངང་གནས་ཡོད”ཅེས་ཡེ་ཏེ་ཞང་གི་ཚ་མོ་ཡེ་ཡུང་ཀྲེན་གྱིས་བཤད་པ་དང་། ཁོང་གིས་སྤོ་བོས་ཁྱིམ་སྲོལ་དང་ཀུན་སྤྱོད་བཟང་པོ་དར་སྤེལ་གཏོང་བ་ནི་ཁྱིམ་ཚང་ཞི་མཐུན་ངང་གནས་པའི“ཉམས་མྱོང”གཙོ་བོ་དེ་རེད་ཅེས་བཤད།
     འདི་ལོ་ལོ་30ལ་སླེབས་པའི་ཡེ་ཡུང་ཀྲེན་ནི་ཡེ་ཏེ་ཞང་གི་བུ་ཆུང་ཤོས་ཡེ་ཧུང་པིང་གི་བུ་མོ་ཡིན། ཁོང་ཁུན་མིང་ནས་སློབ་ཆེན་ཐོན་རྗེས་བདེ་ཆེན་གྱི་ལས་ཁུངས་ཤིག་ནང་ལས་ཀ་བྱེད་ཀྱི་ཡོད། ད་ཆ་ལས་གནས་ནས་དགོངས་པ་ཞུས་ཏེ་རང་ཉིད་ཀྱིས་ལས་གཏོད་བྱས་ནས་གནའ་གྲོང་དུ་སྤུས་རྟགས་མགྲོན་ཁང་ཞིག་བཙུགས་ཡོད། ཡེ་ཡུང་ཀྲེན་ཅིང་ལུང་སྡེ་ཁུལ་ལ་ཧ་ཅང་དགའ་པོ་ཡོད། གང་ལགས་ཤེ་ན། བོད་རིགས་དང་། འཇང་རིགས། དབྱིས་རིགས། རྒྱ་རིགས་སོགས་མི་རིགས་མང་པོ་ཞི་མཐུན་ངང་མཉམ་དུ་གནས་པའི་སྡེ་ཁུལ་དེར་ཁོ་མོས་ནམ་ཡང་བློས་མི་ཐོངས་པའི་ཡུལ་ཞེན་ཟབ་མོ་ཡོད།
     ཏང་ལོ་71ལ་སླེབས་ཤིང་སྤྱི་ཚོགས་རྙིང་པ་བརྒྱུད་མྱོང་ལ་ཀྲུང་གོ་གསར་པའི་འཛུགས་སྐྲུན་ཆེད་ལང་ཚོ་ལེགས་སྐྱེས་སུ་ཕུལ་མྱོང་བ་དང་། ད་ཆ་རྒན་ཡོལ་ཞུས་ཏེ་ཁྱིམ་དུ་མུ་མཐུད་སློབ་སྦྱོང་དང་མི་ལའང་ཁོག་ཡངས་དཀྱེལ་ཆེའི་གཤིས་རྒྱུད་བསྟུན་མཁས་པའི་ཁྱིམ་སྲོལ་བཟང་པོ་སྐྱོང་མཁན་ཡེ་ཏེ་ཞང་ལ་ཡེ་ཡུང་ཀྲེན་གྱིས་དད་གུས་ཆེན་པོ་བྱེད་ཀྱི་ཡོད། གང་ལགས་ཤེ་ན། སྤོ་བོ་ལགས་ཀྱིས་ཁྱིམ་ཚང་ཆེ་མོ་འདི་བསྐྱངས་ནས་བརྩོན་སེམས་ལྡན་ཞིང་གཞན་ལ་ཁོག་ཡངས་དཀྱེལ་ཆེ་དང་བག་མེད་ལོངས་སྤྱོད་མི་བྱེད་པའི་མི་བཟང་པོ་ཞིག་བྱེད་དགོས་ལུགས་བཏོན་གནང་བ་དེ་ཁྱིམ་ཚང་གི་ཚད་གཞི་ཞིག་ཏུ་གྱུར་པས་ཡིན།
     བདེ་ཆེན་ནི་ཡུན་ནན་དང་། སི་ཁྲོན། བོད་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་གྱི་ས་འབྲེལ་དུ་གནས་པ་དང་། དེར་མི་རིགས་མང་པོ་འདུས་སྡོད་བྱས་ཡོད། ཆོས་ལུགས་མང་ཞིང་རིག་གནས་ཀྱང་མང་པོ་ཞིག་གཅིག་ཏུ་འདྲེས་ཡོད། “ངེད་ཚོའི་ཁྱིམ་གྱི་གནས་ཚུལ་ཡང་བདེ་ཆེན་གྱི་མི་རིགས་ཁག་མཐུན་སྒྲིལ་ཡར་བརྩོན་དང་མཉམ་དུ་འཕེལ་རྒྱས་གཏོང་བའི་མཚོན་ཚུལ་གྱི་ཆ་ཤས་ཤིག་ཡིན”ཞེས་ཡེ་ཏེ་ཞང་གིས་བཤད་པ་དང་། ཁོང་གིས་མི་རིགས་མཐུན་སྒྲིལ་མེད་པ་དང་ཏང་གི་མི་རིགས་སྲིད་ཇུས་མེད་ཚེ་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ཇི་ལྟར་འོང་ཐུབ་ཅེས་བཤད།
     ཡུལ་སྲོལ་གྱི་བག་ཆགས་ཆེས་མཐུག་པའི་གནའ་གྲོང་དུ་བསྐྱོད་དེ་རི་ལྡེབས་ཤིག་ཏུ་ཆགས་པའི་བོད་བཟོའི་ཐོག་བརྩེགས་གསུམ་ལྡན་གྱི་ཁང་པ་ཞིག་མཐོང་བ་ནི་རྒད་པོ་ཡེ་ཏེ་ཞང་གི་ཁྱིམ་ཚང་རེད། ས་ཁྱོན་མུའུ་གཅིག་ཙམ་ཡོད་པ་དང་ཁང་པའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་600ཙམ་ཡོད། ད་ཆ་ཡེ་ཏེ་ཞང་སྡོད་སའི་ཁང་པ་ནི་ཡེ་ཧུང་པིང་གི་ཁྱིམ་ཡིན། དེའི་གུ་ཡངས་པའི་ཚོམས་ཆེན་ནི་དུས་རྒྱུན་ཁྱིམ་མི་ཚང་མ་དེར་འཛོམས་ནས་ཅི་འཕྲོས་མོལ་འཕྲོས་བྱ་ཡུལ་ཡིན་པ་དང་། དུས་ཆེན་དང་ངལ་གསོའི་དུས་ཚོད་འཆར་རིམ་བཞིན་སྒོ་ར་ཆེ་མོའི་ནང་དགོད་སྒྲས་རབ་ཏུ་ཁེངས་ཀྱི་ཡོད། དེའི་ཚེ་ཚང་མ་རྒད་པོའི་འགྲམ་དུ་བསྡད་ནས་གནས་ཚུལ་གསར་པ་དང་རང་རང་གི་ལས་ཀའི་སྐོར་གླེང་བ་དང་ཕྲུ་གུ་ཚོས་འགྲམ་དུ་རྩེད་མོ་རྩེད་ནས་སྡོད་ཀྱི་ཡོད། ཁྱིམ་ནས་ཇ་སྲུབས་མའི་དྲི་ཞིམ་འཐུལ་བ་དང་ཆབས་ཅིག ཁྱིམ་ཚང་ནང་བརྩེ་བ་ཟབ་མོའི་རྣམ་པ་ཞིག་ངང་གིས་མངོན་འོང་།
     ཡེ་ཧུང་པིང་ནི་ཚང་མས“སྤྱི་ཚོགས་ཀྱི་འབྲེལ་བ་མཁས་ཅན་པ”ཞིག་ཏུ་བརྩིས་ཤིང་། ཁྱིམ་གྱི་བྱ་བ་ཆེ་རིགས་ཚང་མ་ཁོང་གིས་ཐག་གཅོད་པ་དང་དཀའ་ངལ་འཕྲད་ཚེ་ཁོང་གིས་ཐག་གཅོད་བྱེད་ཀྱི་ཡོད།
     ཡེ་ཏེ་ཞང་གཟུགས་པོ་ཐང་ལ་ངོ་གདོང་ཅུང་ཟད་དམར་ཞིང་། སྐྲ་དང་ཁ་སྤུ་དཀར་པོར་གྱུར་ཡོད། མ་གཞི་ལོ་དགུ་བཅུར་སླེབས་ཀྱང་རིག་པ་གསལ་བས་གསར་འགྱུར་ལྟ་རྒྱུར་དགའ་ལ། རྒྱུན་དུ་རྩོམ་ཡིག་ཀྱང་ཕྲན་ཙམ་འབྲི་ཡི་ཡོད་པས་འཚོ་བའི་གོམས་གཤིས་བཟང་པོ་ཡོད།
     ཁྱིམ་དུ་ཁོང་ལ“ལུས་གསོའི་སྐྱེ་ཚལ”ཞིག་ཆེད་དུ་བརྒྱབ་ཡོད་པས། ཁོང་གིས་དེའི་ནང་མེ་ཏོག་བཏབ་པ་མ་ཟད་སྔོ་ཚལ་ཡང་བཏབ་ནས་ཁྱིམ་ཚང་གི་ཚལ་བཟོ་ཡི་ཡོད། ཡེ་ཡུང་ཀྲེན་གྱིས་རོགས་རམ་བྱས་པ་བརྒྱུད། རྒད་པོས་རིག་ནུས་ལག་ཐོགས་ཁ་པར་སྤྱོད་ཤེས་པ་མ་ཟད། རང་ཉིད་ཀྱི་སྐད་འཕྲིན་གྲོགས་ཚོམ་ཞིག་ཡོད་པ་དང་སྐད་འཕྲིན་གྱི་མིང་ལ་ཅང་ཁྲུའུ་ཞེས་བཏགས་ཡོད།
     “ང་ཚོའི་ཁང་པ་ཆེན་པོ་དེར་ད་ཆ་སྒོར་ཁྲི་སྟོང་ཡན་རི་བ་མ་ཟད། ཕྲུ་གུ་ཚོས་ཀྱང་ཚོང་རྒྱག་པ་དང་ཐོན་ལས་གཉེར་ནས་ཁྱིམ་ཚང་ཕྱུག་པོ་ཆགས་པ་ཚང་མ་ཏང་གི་སྲིད་ཇུས་བཟང་པོ་ལས་བྱུང་བ་ཡིན”ཞེས་ཡེ་ཏེ་ཞང་གིས་བཤད་པ་དང་། ཁོང་གིས་ཆུ་སྒལ་པར་འཁུར་མི་དགོས་པར་རང་འབབ་ཆུ་ཀ་ལ་ཡོད་ལ། ཅ་དངོས་ཉོ་བར་ཕྱིར་འགྲོ་མི་དགོས་པར་ཁ་པར་ནས་ཉོ་ཆོག་པ་སོགས་ཀྱི་འགྱུར་ལྡོག་དེ་དག་སྔོན་མ་བསམ་པའི་ཡུལ་ལ་ཡང་འཁོར་མི་ཐུབ་པ་ཞིག་རེད་ཅེས་བཤད།
     ཁྱིམ་གྱི་མི་རབས་གསུམ་ཕལ་མོ་ཆེ་སློབ་གྲྭ་ཆེ་མོ་བ་ཡིན་པ་དང་ལ་ལ་དབྱིན་ཇིར་ཞིབ་འཇུག་སློབ་མའི་སློབ་སྦྱོང་བྱེད་བཞིན་ཡོད། སྡོད་སའི་ཁང་པ་ཆེན་པོ་དེ་འདྲ་ཁོང་ཚོའི་ཁྱིམ་ཚང་ཙམ་མ་ཡིན་པར་ཉེ་འཁོར་གྱི་གྲོང་པ་ཁྱིམ་མཚེས་ལའང་ཡོད། རྒྱལ་ཐང་གྲོང་རྡལ་ལ་སྔོན་མ་དུད་ཚང་བརྒྱ་གྲངས་ལས་མེད་པ་དང་སྡོད་སའི་ཁང་པ་ཚང་མ་ཐོག་དཔངས་དམའ་བའི་ཐོག་གཅིག་མ་ཤ་སྟག་ཡིན། ད་ཆ་གང་སར་ཐོག་བརྩེགས་ཅན་གྱི་ཁང་པས་ཁེངས་ལ། སྤྱི་ཚོགས་གསར་པར་མི་རིགས་ཁག་ཞི་མཐུན་ངང་མཉམ་དུ་གནས་ཡོད་ཅེས་རྒད་པོ་ཡེ་ཏེ་ཞང་གིས་བཤད་པ་དང་། ཁོང་གིས་ཁྱིམ་ཚང་ཞི་མཐུན་ལྡན་པ་དང་བདེ་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་འཕེལ་རྒྱས་བྱུང་བ་ཚང་མ་ནི་ཏང་གི་འགོ་ཁྲིད་དང་རྒྱལ་ཁབ་ཀྱི་མི་རིགས་ཀྱི་སྲིད་ཇུས་བཟང་པོ་དང་ཁ་འབྲལ་ཐབས་མེད།“ཏང་གི་མི་རིགས་སྲིད་ཇུས་དོན་འཁྱོལ་བྱེད་པ་ནི་མི་རིགས་མཐུན་སྒྲིལ་ཡོང་བའི‘ཉམས་མྱོང’ངོ་མ་དེ་རེད”ཅེས་བཤད།