འཚོལ་བཤེར།   
藏文频道
2020ལོའི་ཟླ་6ཚེས་10ཉིན།

༄༅༎སི་ཁྲོན་རྟའུ་ཡི་ཤང་དང་གྲོང་རྡལ་གྱི་ངལ་ལས་གཞི་གྲངས་མཛོད་ཀྱིས་རིག་ལྡན་
ཞིང་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་10ཉིན། 12:28】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
སྨད་བདེ་བཟོ་ལས་གླིང་ཁུལ་གྱི་ངལ་ལས་པ།
སྨད་བདེ་བཟོ་ལས་གླིང་ཁུལ་གྱི་ངལ་ལས་པ། 
     མི་དམངས་དྲ་བའི་འཕྲིན། རྟའུ་རྫོང་སྨད་བདེ་བཟོ་ལས་གླིང་ཁུལ་གྱི་ལས་དོན་མི་སྣ་ཡུས་ཞའོ་པོར་གླིང་ཁུལ་གྱི་ཁེ་ལས་13གྱི་འབྱུང་འགྱུར་གཟའ་འཁོར་གཅིག་གི་ལས་མི་སྤྱོད་པའི་དགོས་མཁོ་འབྱོར་ཞིང་། གླིང་ཁུལ་གྱི་ངལ་ལས་གཞི་གྲངས་མཛོད་ཀྱི་མ་ལག་གིས་ལེགས་སྒྲིག་དང་ཕྱོགས་བསྡུས་བྱས་པ་བརྒྱུད། གཟའ་འཁོར་རྗེས་མར་ལས་ཀ་བྱེད་མཁན་ཚོགས་ཆུང་དང་དེ་བཞིན་ཁོངས་མིའི་མིང་ཐོ་གོ་རིམ་ལྟར་བཏོན་པ་དང་འབྲེལ་སྐད་འཕྲིན་བརྒྱུད་ངལ་ལས་ཚོགས་ཆུང་ཁག་གི་ཙུའུ་ཀྲང་གི་ལག་ཐོགས་ཁ་པར་ཐོག་བསྐུར་གྱི་ཡོད་པ་རེད།
     ངལ་ལས་ཚོགས་ཆུང་དགུ་པའི་ཙུའུ་ཀྲང་རྒྱ་མཚོས་ཁོངས་མིའི་མིང་ཐོ་མཐོང་མ་ཐག མགྱོགས་མྱུར་ངང་ཚོགས་ཆུང་དེའི་གྲོང་མི་17ལ་ལས་ཀ་བྱེད་པའི་དུས་ཚོད་དང་ས་གནས་བརྡ་ཐོ་གཏོང་གི་ཡོད། བཀྲ་ཤིས་སྒྲོལ་མ་ནི་དེའི་ནང་གི་ངལ་ལས་མི་སྣ་ཞིག་ཡིན། ད་ལོ་ཁོ་མོས་གླིང་ཁུལ་གྱི་ཁེ་ལས་13ནང་རེས་མོས་ངང་ངལ་ལས་བྱས་ནས་ཉིན་30ལྷག་ཙམ་སོང་བ་དང་ཉིན་རེར་ཡོང་འབབ་སྒོར་120ཡོད་པ་རེད། ལས་དུས་འཕར་མ་བྱ་དགོས་ཚེ་ཆུ་ཚོད་རེར་ལས་དུས་འཕར་མའི་གླ་ཕོགས་སྒོར་20ཡོད། དེ་ལྟ་བུའི་ལས་མི་བཀོལ་སྤྱོད་བྱེད་སྟངས་ཀྱིས་ཁོ་མོར་རང་ཉིད་ཀྱི་དུས་ཚོད་སྔ་སྣུར་དུ་བཀོད་སྒྲིག་བྱེད་ཆོག་པ་བྱས་པ་དང་། ལས་ཀ་མེད་དུས་ཁོ་མོ་བ་སྨད་གྲོང་རྡལ་གྱི་ལས་ཡུལ་དུ་གླ་པ་བྱེད་པར་བསྐྱོད་ཀྱི་ཡོད། འདི་ལྟར་བྱས་ན་ཡོང་འབབ་ཀྱི་ཐབས་ལམ་དེ་བས་མང་བ་ཡོང་ཐུབ་ཀྱི་ཡོད།  
     སྨད་བདེ་བཟོ་ལས་གླིང་ནི་རྟའུ་རྫོང་བ་སྨད་གྲོང་རྡལ་དང་ཞི་བདེ་ཤང་དུ་གནས་ཤིང་། 2018ལོ་དང་2019ལོར་ས་གནས་དེ་གའི་མང་ཚོགས་ཀྱིས་ཨོ་སུན་འདེབས་འཛུགས་བྱས་པས་ཡོང་འབབ་ཆེས་ཆེར་འཕར་ཡོད། རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཆེད་ལས་མི་སྣ་གདན་དྲངས་ནས་ས་གནས་དེ་གའི་གནམ་གཤིས་དང་། ཆུ་དཔྱད། ས་ཞིང་བཅས་ཀྱི་ཆ་རྐྱེན་དང་ཟུང་འབྲེལ་བྱས་ཏེ་2019ལོའི་ཟླ་9པར་སྨད་བདེ་བཟོ་ལས་གླིང་ཁུལ་འཛུགས་སྐྲུན་བྱེད་འགོ་བཙུགས་པ་རེད། མིག་སྔར་གླིང་ཁུལ་གྱིས་འདེབས་འཛུགས་ཁེ་ལས་13ནང་འདྲེན་བྱས་ནས་མུའུ་རེར་སྒོར་520བྱས་ཏེ་མུའུ་ཁྲི1.1རྒྱུག་འཁོར་བྱས་ནས་གཞི་ཁྱོན་ཆེན་པོའི་ངང་ཨོ་སུན་དང་པད་ཁ་འདེབས་འཛུགས་བྱས་པ་རེད།
     འདེབས་འཛུགས་ལས་རིགས་ཀྱིས་ཚད་ལྡན་ངང་ལས་མི་བཀོལ་སྤྱོད་བྱེད་པ་ནི་གླིང་ཁུལ་འཕེལ་རྒྱས་ཀྱི་མདུན་དུ་ལྷག་པའི་དཀའ་གནད་ཆེན་པོ་ཞིག་ཡིན། རྫོང་ཨུད་དང་སྲིད་གཞུང་གིས་ཕྱོགས་མང་པོའི་ཐད་ནས་བརྟག་དཔྱད་ཞིབ་འཇུག་བྱས་ཤིང་། བ་སྨད་གྲོང་རྡལ་དང་། ཞི་བདེ་ཤང་། ཉེ་འདབས་ཀྱི་ཤང་དང་གྲོང་རྡལ་བཅས་སུ་དུས་ཡུན་རིང་པོ་ཕྱིར་འགྲོ་མི་ཐུབ་པ་མ་ཟད། ལས་ཀ་བྱེད་འདོད་ཡོད་པའི་ན་གཞོན་ངལ་རྩོལ་ནུས་ཤུགས་ལ་མཐིལ་རྟོགས་བརྟག་དཔྱད་བྱས་རྗེས། ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་གྱིས་གླིང་ཁུལ་+ཁེ་ལས་+ལས་མི་+གཞི་གྲངས་ཆེན་པོའི་བློ་ནུས་སྤྱད་པའི་ལས་མི་བཀོལ་སྤྱོད་བྱེད་སྟངས་གསར་པ་འདོན་པ་དང་འབྲེལ། གླིང་ཁུལ་གྱི་ངལ་ལས་གཞི་གྲངས་མཛོད་བཙུགས་པ་རེད། ངལ་ལས་མི་སྣ་ཡོངས་ཀྱིས་གླིང་ཁུལ་དང་ངལ་ལས་ཕྱིར་གཏོང་གི་གན་རྒྱ་བཞག་སྟེ་མི་10ཡི་ཚོགས་ཆུང་སྒྲུབ་ནས། གཙོ་ཤུགས་དང་རྗེས་གྲབས་གཉིས་སུ་ཕྱེ་ཡོད། གླིང་ཁུལ་ནང་གི་ཁེ་ལས་13གྱི་ལས་མི་སྤྱོད་པའི་དགོས་མཁོ་འགན་ལེན་བྱས་པ་དང་ཆབས་གཅིག་མཐའ་འཁོར་གྱི་ཤང་དང་གྲོང་རྡལ་ལ་ཁྱབ་འགྱེད་སྐུལ་ཁྲིད་ཀྱི་ནུས་པ་ཐོན་ཡོད་པ་རེད།
     གཞི་གྲངས་མཛོད་ཁ་ཕྱེ་བས་ན། ཉེ་བའི་ཟླ་བ་གཉིས་ཙམ་རིང་གི་ངལ་ལས་མི་སྣ་རེ་རེའི་ལོ་ཚད་དང་། རིག་གནས་ཆུ་ཚད། ལས་ཀ་བྱེད་ས། ལས་ཀ་བྱེད་ཡུན། ཡོང་འབབ་ཀྱི་གནས་ཚུལ་སོགས་ཀྱི་ཆ་འཕྲིན་གནད་སྨིན་ངང་འདྲི་རྩད་བྱེད་ཐུབ། མིག་སྔར་ལས་མི་500ཡི་གཞི་རྩའི་ཆ་འཕྲིན་གྲངས་གཞིའི་མཛོད་ནང་བཅུག་ཡོད་པ་རེད། སྐལ་བཟང་གཡུ་མཚོ་ཁྱིམ་ཚང་གི་རྐྱེན་གྱིས་ཕྱིར་གླ་པར་འགྲོ་ཐུབ་མེད། ལོ་འགོར་ཁོ་མོས་རང་ཁྱིམ་གྱི་ས་ཞིང་མུའུ་26དེ་མུའུ་རེར་སྒོར་520བྱས་ནས་གླིང་ཁུལ་དུ་བརྒྱུད་བཤུག་བྱས་པས་རྒྱུད་བཤུག་འགྲོ་གྲོན་ཕྱེད་ཀ་སྟེ་སྒོར་6760འབྱོར་བ་དང་། ཁོ་མོ་གནས་སའི་ཚོགས་ཆུང་གིས་གླིང་ཁུལ་དུ་ཉིན་30ལྷག་ཙམ་བསྟུད་མར་ངལ་ལས་བྱེད་ཀྱི་ཡོད་ལ། ཉིན་རེར་ཡོང་འབབ་སྒོར་120ཡོད། ངལ་རྩོལ་ཁྲོད་སེང་རས་ཀྱིས་གདོང་བཏུམས་ནས་ཉི་འགོག་བྱེད་པ་དང་།  ཁོ་མོར་བཅར་འདྲི་བྱེད་སྐབས་སྔར་བཞིན་འཚེར་སྣང་ཆེན་པོ་བྱེད་ཀྱི་ཡོད། སྔོན་ཆད་ངལ་ལས་བྱེད་སྐབས་གཞན་གྱིས་སྒྲུབ་མང་བ་དང་རང་ཉིད་ཀྱིས་སྒྲུབ་ཉུང་བའི་སེམས་ཁྲལ་བྱེད་ཀྱི་ཡོད། ད་ལྟ་ཚོགས་ཆུང་གི་ངལ་ལས་སྔར་བས་ཚད་ལྡན་དུ་གྱུར་ཡོད་པ་དང་། ཚང་མའི་ངལ་ལས་ཁ་གསལ་ཡིན་ལ་ཡོང་འབབ་ཀྱང་ཕྱི་གསལ་ནང་གསལ་ཡིན་པ་དང་། ཁྱིམ་ཚང་ལའང་ལྟ་རྟོག་བྱེད་ཐུབ་པས། དངུལ་གསོག་པ་དང་ཁྱིམ་ལ་ལྟ་རྟོག་བྱེད་པ་གཉིས་ཀར་འཐུས་ཤོར་འགྲོ་ཡི་མིན་འདུག
     ཁམས་ཁུལ་གྱི་མེ་ཏོག་ཞེས་པ་ནི་གླིང་ཁུལ་དུ་བཅའ་སྡོད་བྱས་པའི་ཆེས་སྔ་བའི་འདེབས་འཛུགས་ཁེ་ལས་ཀྱི་གྲས་ཤིག་ཡིན། ལོ་གཉིས་བསྟུད་མར་ཞི་བདེ་ཤང་དུ་སྔོ་ཚལ་འདེབས་འཛུགས་བྱེད་པའི་ཁེ་ལས་ཀྱི་གྲས་ཤིག་ཀྱང་ཡིན། བཟོ་ལས་གླིང་ཁུལ་དུ་བཅའ་སྡོད་བྱ་རྒྱུའི་སྐོར་གླེང་དུས། འབྲེལ་ཡོད་འགན་འཁུར་བས་བཟོ་ལས་གླིང་ཁུལ་ནང་གི་ས་ཆ་ཡུག་འབྲེལ་དུ་ཆགས་པ་དང་དོ་དམ་དེ་བས་སྟབས་བདེ་རུ་ཕྱིན་ཡོད། དེ་དང་ཆབས་ཅིག་གླིང་ཁུལ་དུ་ལྕགས་དྲ་སྐོར་བ་དང་། ཚད་གཞི་མཐོ་བའི་ཞིང་ཁ་དང་སྒྲིག་བཀོད་ཞིང་ལས། འཁྱགས་ཕྲེང་ཟོག་འགྲེམས་སོགས་འཛུགས་སྐྲུན་བྱེད་བཞིན་ཡོད་པ་དང་འབྲེལ། ས་ཞིང་མུའུ་200འཁོར་རྒྱུག་བྱས་ན་བྱ་དགའི་ཁ་གསབ་ཡོད་པའི་སྲིད་ཇུས་ལག་བསྟར་བྱས་ཡོད་པས། དེ་ལྟར་བྱས་པས་ཁེ་ལས་ཀྱི་མ་དངུལ་གྱི་གནོན་ཤུགས་ཆུང་དུ་ཕྱིན་ཡོད། ལྷག་པར་དུ་གླིང་ཁུལ་དུ་གཟའ་འཁོར་རེར་ངལ་ལས་མི་སྣ་མངགས་གཏོང་གི་ལམ་ལུགས་ལག་བསྟར་བྱས་ཡོད་པས། ཁེ་ལས་དང་གྲོང་མིའི་བར་གྱི་འབྲེལ་གཏུག་གི་མ་གནས་མེད་པ་བཟོས་པ་དང་། ངལ་ལས་སྔར་ལས་དོན་གཉེར་དང་ལས་ཕྱོད་ཆེ་བར་འགྱུར་བ་དང་དུས་མཚུངས་ངལ་ལས་ཚན་རིག་ཅན་གྱི་དོ་དམ་མངོན་འགྱུར་ཡོང་བ་བྱས་ཡོད།
     “ལས་མི་བཀོལ་སྤྱོད་ཚད་ལྡན་དུ་གཏོང་བ་དང་། འཆམ་མཐུན་གྱི་ལས་ཞུགས་ཁོར་ཡུག་བསྐྲུན་རྒྱུ་ནི་འདེབས་འཛུགས་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་སྐུལ་འདེད་གཏོང་བ་དང་འཕེལ་རྒྱས་ཀྱི་ཡིད་ཆེས་བརྟན་དུ་གཏོང་བའི་ཐབས་ལམ་ནུས་ལྡན་གྱི་གྲས་ཤིག་ཡིན། ང་ཚོས་ཐོག་མཐའ་བར་གསུམ་དུ་སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་ཚོང་རས་སྐུལ་འདེད་གཏོང་བ་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། ལས་ཀ་བྱེད་འདོད་ཡོད་མཁན་རེ་རེའི་རྩལ་ནུས་ཆུ་ཚད་དང་། ལས་ཞུགས་འདོད་ཕྱོགས་གནད་དུ་འཁེལ་བའི་སྒོ་ནས་གསལ་རྟོགས་བྱེད་པ་དང་། གཞི་གྲངས་ཆེན་པོའི་བྱེད་ཐབས་སྤྱད་ནས། གླིང་ཁུལ་དང་། ཁེ་ལས། ངལ་ལས་མི་སྣ་བཅས་ཀྱི་སྤེལ་རེས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་རྗེས་ཤུལ་གྱི་འགུལ་རྣམ་་ཁོང་དུ་ཆུད་ནས། ཤང་དང་གྲོང་རྡལ་དང་ཐོན་ལས་ལས་བརྒལ་ཏེ་ངལ་རྩོལ་ནུས་ཤུགས་ཀྱི་ཆ་འཕྲིན་མཉམ་འདྲེས་དབྱེ་ཞིབ་བྱས་ཏེ། ལས་ཞུགས་ལས་གནས་དང་ངལ་རྩོལ་ནུས་ཤུགས་གནད་སྨིན་ཆ་སྒྲིག་ཡོང་བ་བྱས་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་བརྟན་པོ་དྲུག་གི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་ཡོད”ཅེས་རྫོང་ཨུད་ཀྱི་ཧྲུའུ་ཅི་ཕུའུ་ཡུང་ཧྥུང་གིས་བཤད་པ་རེད།
【1】  【2】  【3】
སྨད་བདེ་བཟོ་ལས་གླིང་ཁུལ་གྱི་ངལ་ལས་པ།
སྨད་བདེ་བཟོ་ལས་གླིང་ཁུལ་གྱི་ངལ་ལས་པ།