འཚོལ་བཤེར།   
藏文频道
2020ལོའི་ཟླ་6ཚེས་4ཉིན།

༄༅༎དཀར་མཛེས་ཁུལ་2020ལོའི་སྲོལ་རྒྱུན་གྲོང་སྡེ་གཅིག་སྡུད་ཡུག་འབྲེལ་སྲུང་སྐྱོང་དང་བེད་སྤྱོད་ཀྱི་དཔེ་སྟོན་
ཡོངས་བསྒྲགས་ཀྱི་མིང་ཐོར་བཀོད་པའི་སི་ཁྲོན་གྱི་ས་ཁུལ་གཅིག་པུ་ཡིན།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་04ཉིན། 13:02】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎དཀར་མཛེས་ཁུལ་2020ལོའི་སྲོལ་རྒྱུན་གྲོང་སྡེ་གཅིག་སྡུད་ཡུག་འབྲེལ་སྲུང་སྐྱོང་དང་བེད་སྤྱོད་ཀྱི་དཔེ་སྟོན་
ཡོངས་བསྒྲགས་ཀྱི་མིང་ཐོར་བཀོད་པའི་སི་ཁྲོན་གྱི་ས་ཁུལ་གཅིག་པུ་ཡིན།
     མི་དམངས་དྲ་བའི་འཕྲིན། 6ཚེས་2ཉིན་རྒྱལ་ཁབ་ནོར་སྲིད་པུའི་གཞུང་ཕྱོགས་དྲ་ཚིགས་ཐོག་གནས་ཚུལ་ཡོངས་བསྒྲགས་བྱས་པར་གཞིགས་ན། རྒྱལ་ཁབ་ནོར་སྲིད་པུའི་དཔལ་འབྱོར་འཛུགས་སྐྲུན་སི་དང་རྒྱལ་ཁབ་སྡོད་ཁང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ་གྲོང་སྡེ་དང་གྲོང་རྡལ་འཛུགས་སྐྲུན་སི་ཡིས་མཉམ་འབྲེལ་ཐོག་དཔྱད་འདེམས་བྱས་པའི་2020ལོའི་སྲོལ་རྒྱུན་གྲོང་སྡེ་གཅིག་སྡུད་ཡུག་འབྲེལ་སྲུང་སྐྱོང་དང་བེད་སྤྱོད་ཀྱི་དཔེ་སྟོན་གྲོང་ཁྱེར་གྱི་རིགས་གཅིག་མཁས་པའི་དཔྱད་ཞིབ་ལས་དོན་ཟླ་6ཚེས་1ཉིན་བདེ་བླག་ངང་ལེགས་གྲུབ་ཟིན་ནས་ཨང་དང་པོ་ནས་བཅུ་པའི་བར་གྱི་འབྲེལ་ཡོད་གྲོང་ཁྱེར་དང་ཁུལ་དཔེ་སྟོན་ཚན་པར་བྱས་ནས་ཡོངས་བསྒྲགས་བྱེད་རྩིས་ཡོད་ལ། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ནི་སི་ཁྲོན་ཞིང་ཆེན་གྱི་མིང་ཐོའི་ནང་ཚུད་པའི་ས་ཁུལ་གཅིག་པུ་དེར་གྱུར་ཡོད། 
     ཉེ་བའི་ལོ་ཤས་རིང་། སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱིས་ཀྲུང་དབྱང་གི“སྲོལ་རྒྱུན་གྲོང་སྡེ་འཛུགས་སྐྲུན་ཡག་པོ་བྱེད་དགོས”ཞེས་པའི་མཛུབ་སྟོན་གལ་ཆེན་ལག་བསྟར་ཏན་ཏིག་བྱས་ཏེ“མི་རིགས་ས་ཁུལ་གྱི་དབུལ་ཕོངས་སྲོལ་རྒྱུན་གྲོང་སྡེ་གཅིག་སྡུད་ཡུག་འབྲེལ་སྲུང་སྐྱོང་དང་བེད་སྤྱོད་ཀྱི་དཔེ་སྟོན་མིག་དཔེ་གཏོད་པ”དེ་སྤྱིའི་དམིགས་འབེན་དུ་བྱས་ནས། “གནའ་བོའི་གྲོང་སྡེ་དང་། གནའ་བོའི་སྡོད་ཁང་། གནའ་བོའི་ལྗོན་ཤིང་དང་ཤིང་སྡོང་གྲགས་ཅན་སྲུང་སྐྱོང་དང་བེད་སྤྱོད”ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཁུལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་གྱི་གྲས་སུ་བརྩིས་ཡོད། སྲོལ་རྒྱུན་གྲོང་སྡེ་སྲུང་སྐྱོང་དང་བེད་སྤྱོད་བྱས་པ་དེས་ཁུལ་དེའི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དང་། དབུལ་སྒྲོལ་འགག་སྒྲོལ། གྲོང་གསེབ་དར་རྒྱས་བཅས་ལ་དགེ་མཚན་ལྡན་པའི་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད། 
     མིག་སྔའི་བར། སི་ཁྲོན་གྱི་རྒྱལ་ཁབ་རིམ་པའི་སྲོལ་རྒྱུན་གྲོང་སྡེ་333ནང་དཀར་མཛེས་ཁུལ་གྱི་71ཡོད་པ་དང་གྲངས་འབོར་དེ་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། སི་ཁྲོན་གྱི་ཞིང་ཆེན་རིམ་པའི་སྲོལ་རྒྱུན་གྲོང་སྡེ་1050ཡི་ནང་དཀར་མཛེས་ཁུལ་གྱི་214ཡོད་པ་དང་བསྡུར་ཚད་20%ལས་བརྒལ་ཡོད། དཀར་མཛེས་ཁུལ་གྱི་སྲོལ་རྒྱུན་གྱི་གྲོང་སྡེ་300ཙམ་ལ་ཁྱོན་ཡོངས་ནས་ཁྱད་ཆོས་ཆེན་པོ་གསུམ་མངོན་ཡོད་དེ། 
     ཁྱད་ཆོས་དང་པོ་ནི་སྲོལ་རྒྱུན་གྲོང་སྡེ་སྲུང་སྐྱོང་དང་བེད་སྤྱོད་བྱས་པ་དེས་ཐོག་མཐའ་བར་གསུམ་དུ་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱ་རྒྱུ་མཐའ་འཁྱོངས་བྱས་ཡོད་པ་དེ་ཡིན། མིག་སྔར་དཀར་མཛེས་ཁུལ་གྱི་རྫོང་དབུལ་པོ་18ཚང་མས་དབུལ་ཞྭ་ཕུད་ཅིང་། རྒྱལ་ཁབ་རིམ་པའི་སྲོལ་རྒྱུན་གྲོང་སྡེ་24ཚུད་པའི་གྲོང་སྡེ་དབུལ་པོ་1360ཚང་མས་དབུལ་སྒྲོལ་ཐུབ་ཡོད་ལ། དེ་དུད་ཚང་དབུལ་པོ་101714ཡི་མི་454321དང་འབྲེལ་བ་ཡོད་པ་རེད། 
     ཁྱད་ཆོས་གཉིས་པ་ནི་སྲོལ་རྒྱུན་གྲོང་སྡེའི་ས་ཁོངས་རིག་གནས་ཀྱི་ཁྱད་ཡོན་དང་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པ་མ་ཟད། རྣམ་པ་ཆ་ཚང་བ་དེ་རེད། དཀར་མཛེས་ཁུལ་དུ་སྡེ་དགེ་ལྟེ་བར་བྱས་པའི་གེ་སར་རིག་གནས་ཁུལ་ཆགས་ཡོད་ལ། དེའི་ནང་སྡེ་དགེ་པར་ཁང་ནི་བོད་ཀྱི་པར་ཁང་ཆེན་པོ་གསུམ་གྱི་ཡ་གྱལ་དང་རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པ་ཡིན། རོང་བྲག་ལྟེ་བར་བྱས་པའི་རྒྱལ་རོང་རིག་གནས་ཁུལ་དུ་ཤར་རྒྱལ་མོ་ཚ་བ་རོང་གི་རིག་གནས་གཏིང་ཟབ་ལྡན་ཡོད་པ་མ་ཟད། ད་དུང་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་དང་ཀྲུང་གོའི་འཛམ་གླིང་རིག་གནས་ཤུལ་བཞག་གི་མིང་གཞུང་དུ་ཚུད་པའི་རོང་བྲག་མཁར་རྫོང་ཡོད་པ་རེད། འདབ་པ་ལྟེ་བར་བྱས་པའི་ཤམ་བྷ་ལའི་རིག་གནས་ཁུལ་དུ་སྲོལ་རྒྱུན་རིག་རྩལ་དང་། དམངས་ཁྲོད་ལག་ཤེས་བཟོ་རྩལ་ཐོན་རྫས། གངས་རི་དང་མཚོ་མོ་སོགས་ཕུན་སུམ་ཚོགས་པོ་ཡོད།
     ཁྱད་ཆོས་གསུམ་པ་ནི་སྲོལ་རྒྱུན་གྲོང་སྡེའི་འཛུགས་སྐྲུན་གྱི་རིགས་སྣ་མང་བ་མ་ཟད། འཛམ་གླིང་དུའང་མཐོང་དཀོན་པ་དེ་རེད། ཁམས་པའི“པང་ཁང” དང་། རྒྱལ་རོང་གི་“ཁྱུང་ལུང”དང་ཀ་གདུང་གི་སྒྲོམ་གཞི་བཅས་ནི་དཀར་མཛེས་ཁུལ་གྱི་སྲོལ་རྒྱུན་གྲོང་སྡེའི་འཛུགས་སྐྲུན་ཆེན་པོ་གསུམ་རེད། ས་མཐོའི་བོད་རིགས་ས་ཁུལ་གྱི་མི་དང་རང་བྱུང་ཁམས་ཟུང་འབྲེལ་གྱི་ཨར་སྐྲུན་འདུ་ཤེས་གང་ལེགས་མཚོན་ཡོད། ས་མཐོའི་སྲོལ་རྒྱུན་སྡོད་ཁང་གི“རྩེར་སོན་གསུམ”དུ་གྲགས་པའི་རོང་བྲག་གི་གནའ་བོའི་མཁར་རྫོང་ཚོགས་པ་དང་། རྟའུ་ཡི་ཡུལ་མིའི་སྡོད་ཁང་། ཕྱག་ཕྲེང་གི་བོད་ཁང་དཀར་པོ་བཅས་འཛམ་གླིང་ཐོག་སྐད་གྲགས་ཆོད་དེ་དཀར་མཛེས་ཁུལ་གྱི་སྲོལ་རྒྱུན་གྲོང་སྡེའི་ཡིད་དབང་འཕྲོག་ཤུགས་གང་ལེགས་མངོན་པར་བྱས་ཡོད། དེའི་ནང་། རོང་བྲག་གི་གནའ་བོའི་མཁར་རྫོང་ནི་འཛམ་གླིང་ཐོག་གཅིག་སྡུད་ཆེ་ཤོས་ཀྱི་གནའ་བོའི་མཁར་རྫོང་གི་འཛུགས་སྐྲུན་ཚོགས་པ་དེ་ཡིན་ལ་འཛམ་གླིང་གི་ཟུར་ལྔའི་མཁར་རྫོང་གནས་ཡུལ་གཅིག་པུའང་ཡིན། དེ་ནི་ཀྲུང་གོ་དང་ཐ་ན་འཛམ་གླིང་གི་རྡོ་ཁང་དང་སོ་སྲུང་ཡུལ་མིའི་སྡོད་ཁང་གྲས་ཀྱི་ངོ་མཚར་མཆོག་ཏུ་གྱུར་བ་ཞིག་ཏུ་གྱུར་ཡོད། 
     ཤེས་རྟོགས་བྱུང་བར་གཞིགས་ན། དཀར་མཛེས་ཁུལ་གྱིས་རིག་དངོས་དང་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རྣམ་གྲངས་སྲུང་སྐྱོང་དང་རྒྱུན་འཛིན་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ཡོད་པས། ཁུལ་དེའི་སྲོལ་རྒྱུན་གྲོང་སྡེ་གཅིག་སྡུད་ཡུག་འབྲེལ་སྲུང་སྐྱོང་དང་བེད་སྤྱོད་ཐུབ་པ་དང་། ལྷག་པར་དུ་སྲོལ་རྒྱུན་གྲོང་སྡེའི་གདོད་མའི་རང་བཞིན་དང་ཆ་ཚང་བའི་རང་བཞིན་གྱི་རྒྱུན་འཛིན་སོགས་ཀྱི་ཐད་སྲ་ཞིང་བརྟན་པའི་འདེགས་སྐྱོར་མཁོ་འདོན་བྱས་ཡོད། མིག་སྔའི་བར། ཁུལ་དེའི་སྲོལ་རྒྱུན་གྲོང་སྡེའི་ནང་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་རྣམ་གྲངས“གླིང་སྒྲུང”དང་། “ལྷ་མོ” “སྡེ་དགེའི་པར་ཁང་གི་བརྐོས་རིས་པར་འདེབས་ལག་རྩལ” “བོད་ཀྱི་སྨན་ལུམས”བཅས་ཁག་4ཡོད་པ་དང་དུས་མཚུངས་སུ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་མིང་གཞུང་རྣམ་གྲངས་18དང་ཞིང་ཆེན་རིམ་པའི་རྣམ་གྲངས་29 ཁུལ་རིམ་པའི་རྣམ་གྲངས་78བཅས་ཀྱང་ཡོད་པ་རེད། མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་253གསོ་སྐྱོང་བྱས་ཡོད་ལ། དེའི་ནང་རྒྱལ་ཁབ་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་12དང་ཞིང་ཆེན་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་39 ཁུལ་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་202བཅས་ཡོད། དེ་དང་ཆབས་ཅིག་ཁུལ་དེའི་སྲོལ་རྒྱུན་གྲོང་སྡེའི་ནང་རིག་དངོས་སྲུང་སྐྱོང་ཚན་པ་37ཡོད་ལ། དེའི་ནང་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་4དང་། ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པ་4 ཁུལ་དང་རྫོང་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པ་29བཅས་ཡོད་པ་རེད།
     དེ་མ་ཚད《རིག་དངོས་སྲུང་སྐྱོང་བཅའ་ཁྲིམས》གཞིར་བཟུང་དཀར་མཛེས་ཁུལ་གྱིས་ད་དུང་སྔ་རྗེས་སུ་སྲུང་སྐྱོང་ཉམས་གསོའི་ལས་གྲྭའི་བྱ་སྤྱོད་ཐེངས་8སྤེལ་བ་རེད། དུས་མཚུངས་སུ་ཁམས་པའི་རིག་གནས(དཀར་མཛེས)ཞིང་ཆེན་རིམ་པའི་སྣོད་བཅུད་རིག་གནས་སྲུང་སྐྱོང་ཚོད་ལྟ་ཁུལ་རེ་ཞུ་ལེགས་གྲུབ་བྱུང་བ་དང་འཛམ་གླིང་རིག་གནས་ཤུལ་བཞག་དང་འཛམ་གླིང་དྲན་ཤེས་ཤུལ་བཞག་གི་རེ་ཞུ་བྱེད་འགོ་ཚུགས་པ་རེད། 《དཀར་མཛེས་ཁུལ་གྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་འཆར་འགོད་(2016-2025)》བཟོ་འགོད་བྱས་པ་དང་། སྲོལ་རྒྱུན་གྱི་ཨར་སྐྲུན་གཅིག་སྡུད་ཡུག་འབྲེལ་ས་ཁོངས་གཙོ་གནད་ཐོག་ཉམས་གསོ་བྱེད་དགོས་པ་བཏོན་པ་དང་འབྲེལ་འཆར་འགོད་གཞིར་བཟུང་རིག་དངོས་སྲུང་སྐྱོབ་ཚན་པའི་རེ་ཞུ་དང་། ཡིག་ཚགས་བཟོ་བ། སྒོ་བྱང་འགེལ་བ། སྲུང་སྐྱོབ་སོགས་ཐད་ཀྱི་ལས་དོན་སྤེལ་ཡོད་པ་རེད། གཞན་ཡང་། ད་དུང《དཀར་མཛེས་ཁུལ་གྱི་མངོན་མིན་རིག་གནས་ཤུལ་བཞག་སྲོལ་ཡིག》ཁྱབ་བསྒྲགས་བྱས་པ་དང་། ལོ་9ཡི་དུས་ཚོད་སྤྱད་དེ“དཀར་མཛེས་ཁུལ་གྱི་གླུ་གར་གྲངས་གཞིའི་མཛོད་འཛུགས་སྐྲུན་བྱེད་པའི་འདུ་འགོད”ལེགས་གྲུབ་བྱས་ནས《དཀར་མཛེས་ཁུལ་གྱི་རིག་དངོས་སྲུང་སྐྱོབ་བེད་སྤྱོད་སྒྱུར་བཅོས་ལག་བསྟར་བསམ་འཆར》སོགས་བཏོན་པ་རེད། ཁུལ་དེས་ད་དུང་“ཀྲུང་གོའི་ཁྲེན་ཏུའུ་རྒྱལ་སྤྱིའི་མངོན་མིན་རིག་གནས་ཤུལ་བཞག་དུས་ཆེན” སྐབས་7ལ་བསྟུད་མར་ཞུགས་པ་མ་ཟད། ལོ་ལྟར“ཉི་མའི་ལྷ་བྱ་གསེར་གྱི་བྱ་དགའ”དང“དམིགས་བསལ་ལེགས་སྐྱེས་བྱ་དགའ”ཐོབ་པ་རེད། 2018ལོའི་ཟླ་12པར་སི་ཁྲོན་གྱི་གནའ་བོའི་གྲོང་རྡལ་དང་གནའ་བོའི་གྲོང་སྡེ་མཛེས་ཤོས་ཀྱི་གསར་གཏོད་འཕེལ་རྒྱས་གླེང་སྟེགས་སྐབས་གཉིས་པ་དཀར་མཛེས་ཁུལ་མོ་ཤིས་གྲོང་རྡལ་དུ་འཚོགས་པ་རེད།
【1】  【2】  【3】  【4】
༄༅༎དཀར་མཛེས་ཁུལ་2020ལོའི་སྲོལ་རྒྱུན་གྲོང་སྡེ་གཅིག་སྡུད་ཡུག་འབྲེལ་སྲུང་སྐྱོང་དང་བེད་སྤྱོད་ཀྱི་དཔེ་སྟོན་
ཡོངས་བསྒྲགས་ཀྱི་མིང་ཐོར་བཀོད་པའི་སི་ཁྲོན་གྱི་ས་ཁུལ་གཅིག་པུ་ཡིན།