འཚོལ་བཤེར།   
藏文频道
2020ལོའི་ཟླ་6ཚེས་4ཉིན།

༄༅༎ཆུ་ཤུགས་གློག་ཁང་ཆུང་ངུ་ནས་གློག་དྲ་ཆེ་མོའི་བར།

—— བོད་ལྗོངས་ཡུལ་སྨད་ཤང་གི་དམངས་འཚོའི་འཕོ་འགྱུར་གྱི་མཐོང་ཐོས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་04ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་དུ་གློག་འདོན་ཞབས་ཞུ་ས་ཚིགས་ཀྱི་ལས་དོན་མི་སྣས་ཡུལ་སྨད་ཤང་སྨྱུག་ཆས་བཟོ་གྲྭར་འཕྲུལ་ཆས་ལ་ཞིབ་བཤེར་བྱེད་བཞིན་པ།
བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་དུ་གློག་འདོན་ཞབས་ཞུ་ས་ཚིགས་ཀྱི་ལས་དོན་མི་སྣས་ཡུལ་སྨད་ཤང་སྨྱུག་ཆས་བཟོ་གྲྭར་འཕྲུལ་ཆས་ལ་ཞིབ་བཤེར་བྱེད་བཞིན་པ།
     ཕྱགས་མ་བཟོ་བྱེད་འཕྲུལ་འཁོར་དང་། ཁོའི་ཙེ་བཟོ་བྱེད་འཕྲུལ་འཁོར། ཤིང་ཕོར་བཟོ་བྱེད་འཕྲུལ་འཁོར་སོགས་རེ་རེ་བཞིན་གྲལ་འགྲིག་པོར་བཞག་ཡོད། པ་སངས་ཚེ་རིང་གིས་དམག་དཔོན་ཞིག་དང་འདྲ་བར་དམག་མི་དཀྱུས་མར་གཟིགས་ཞིབ་བྱེད་པ་ལྟར་བཟོ་ཁང་དུ་བསྐྱོད་ནས་ལྟ་ཞིབ་བྱས། “ལྟ་ཞིབ”མཇུག་འགྲིལ་རྗེས་ཁོང་གིས“གཟའ་འཁོར་གཉིས་ཙམ་སོང་རྗེས་ལག་རྩལ་མི་སྣ་གསོ་སྦྱོང་བྱེད་པར་ཡོང་མཁན་རེད་འདུག”གྲོང་མི་ཚོས་འཕྲུལ་འཁོར་བཀོལ་སྤྱོད་བྱེད་ཤེས་ན། སྨྱུག་ཆས་ལས་སྣོན་བཟོ་གྲྭ་ཐོན་སྐྱེད་བྱེད་འགོ་འཛུགས་རྒྱུ་ཡིན་པས་དེ་ནི་ཤང་གི་བཟོ་གྲྭ་དང་པོ་དེ་རེད་ཅེས་སྤོབས་པ་ཆེན་པོས་བརྗོད།
     པ་སངས་ཚེ་རིང་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་ཡུལ་སྨད་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཡིན་ལ། ཡུལ་སྨད་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་གི་དཔང་པོ་ཞིག་ཀྱང་ཡིན།
     ལྷོ་ཁ་གྲོང་ཁྱེར་ནས་ཐོན་ཏེ་ཀྱག་ཀྱོག་མང་བའི་རི་ལམ་བརྒྱུད་རླངས་འཁོར་ཆུ་ཚོད་7ལྷག་ཙམ་སྐྱོད་རྗེས། སྤྲིན་སྨུག་འཁྲིགས་པའི་གདོད་མའི་ནགས་ཚལ་དང་རི་ཚོགས་ཀྱིས་བསྐོར་བའི་ཡུལ་སྨད་ཤང་ང་ཚོའི་མིག་ལམ་དུ་མངོན། “ཡུལ་སྨད་ཤང”གི་དམིགས་བསལ་ཁྱད་ཆོས་ལྡན་པའི་ཐོག་བརྩེགས་ཁང་ཆེན་གྱི་འགྲམ་དུ་རྒྱལ་ཁབ་གློག་དྲ་ཡུལ་སྨད་ཤང་གློག་འདོན་ཞབས་ཞུ་ས་ཚིགས་མི་རྣམས་ཀྱིས་དོ་སྣང་བྱ་ཡུལ་ཞིག་ལ་གྱུར། པ་སངས་ཚེ་རིང་གིས་དེ་གར་སྔོན་ཆད་གློག་མཁོ་འདོན་དང་གློག་གཏོང་གཉིས་ཀར་དོ་དམ་བྱས་ནས་ལོ་5ལས་ཀ་བྱེད་མྱོང་ཡོད།
     རི་མཐོ་ལ་ལམ་ཐག་རིང་བ་དང་མི་འབོར་ཧ་ཅང་ཉུང་བས། 2009ལོར་ཡུལ་སྨད་ཤང་གིས་གཞི་ནས་ཆུ་ཕྲན་དྲངས་ཏེ་ཆུ་ཤུགས་གློག་ཁང་ཆུང་གྲས་ཤིག་བསྐྲུན་པས་ས་གནས་དེ་གར་གློག་ཤར་གཏོང་མི་ཐུབ་པའི་ལོ་རྒྱུས་མཇུག་འགྲིལ། ཆུ་ཤུགས་གློག་ཁང་གི་ཀྲེན་ཀྲང་དང་པོ་ཡིན་པའི་ངོས་ནས། པ་སངས་ཚེ་རིང་གིས་ཉིན་མོ་ཆུ་འཁོར་འཕྲུལ་འཁོར་ལ་ལྟ་སྲུང་གིས་ཆུ་ཚོད་2རེར་དམིགས་ཚད་གཞི་གྲངས་ལ་ཞིབ་བཤེར་ཐོ་འགོད་ཐེངས་རེ་བྱེད་པ་དང་། དགོང་མོ་འཕྲུལ་ཆས་ཀྱི་སྐད་སྒྲའི་ཁྲོད་གཉིད་ཉལ་དགོས་ཀྱི་ཡོད།
     བརྟན་སྲུང་དེ་ལྟ་བུ་བྱས་པས་ཤང་ཡོངས་ཀྱི་དུད་ཚང་9ཡི་མི་32ལ་རྒྱུན་གཏན་གྱི་གློག་སྤྱོད་ཐུབ་པ་བྱུང་། དེ་དུས་ཁྱིམ་ཚང་འགའ་ཤས་ཀྱིས་ནུས་ཚད་ཅུང་ཆེ་བའི་ཁྱིམ་སྤྱོད་གློག་ཆས་ཉོས་མོད། འོན་ཀྱང་གློག་གནོན་བརྟན་པོ་མེད་པས་གློག་ཆས་རྟག་ཏུ་འཚིག་གི་ཡོད།
     2018ལོའི་ཟླ་2པར། རྒྱལ་ཁབ་གློག་དྲ་ལྷོ་ཁ་གློག་འདོན་ཀུང་སིའི་ལས་དོན་མི་སྣས་ས་བབ་མཐོ་ཚད་སྨི་4760ཟིན་པའི་རི་ལ་བརྒལ་ནས་གློག་ཤིང་108བཙུགས་ཏེ་ཆན་ཕུའུ་10ཟིན་པའི་གློག་འདྲེན་སྐུད་ལམ་ཡུལ་སྨད་ཤང་དུ་འཁྲིད། “ཆུ་ཤུགས་གློག་ཁང་ཆུང་ངུ་ནས་གློག་དྲ་ཆེ་མོའི་བར། གྲོང་མི་ཚོས་གློག་ཆས་འཚིག་པའི་སེམས་ཁྲལ་བྱེད་དགོས་མེད་པར་གྱུར། ཤང་གི་འཕྲིན་གཏོང་སྦྲེལ་ཚུགས་ཀྱང་བརྟན་པོའི་ངང་འཁོར་སྐྱོད་ཐུབ་ཡོད”པ་སངས་ཚེ་རིང་གིས“ཧ་ལམ་མཚན་མོ་གཅིག་ལ་ང་ཚོ་དེང་རབས་ཀྱི་འཚོ་བར་སླེབས་པའི་སྣང་བ་ཞིག་བྱུང”ཞེས་བརྗོད།
     གློག་སྤྱོད་རྒྱུ་བྱུང་བ་དེ་ནི་ཡུལ་སྨད་ཀྱི་དམངས་འཚོའི་འཕོ་འགྱུར་གྱི་མཚོན་ཚུལ་ཞིག་རེད། ལོ་འདི་དག་རིང་། མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་ཤང་འཛུགས་སྐྲུན་བྱེད་རིང་། ཡུལ་སྨད་ཤང་སྲིད་གཞུང་གིས་མ་དངུལ་བཏང་ནས་རོགས་སྐྱོར་བྱེད་པའི་བྱ་ཐབས་སྤྱད་དེ་གྲོང་མིའི་སྡོད་ཁང་སྒྱུར་བཀོད་གསར་རྐྱང་བྱས་པ་དང་། ཤང་གིས་ད་དུང་སློབ་ཆུང་དང་བུ་བཅོལ་ཁང་ཡང་བཙུགས་ནས་བྱིས་པ་རྣམས་ཐག་ཉེ་སར་སློབ་ཞུགས་ཐུབ་པར་བྱས་ཡོད།
     ས་གནས་དེ་གའི་མི་རྣམས་ཀྱི་སྔོ་ཚལ་དཀོན་པའི་གནད་དོན་ལ་འགྱུར་ལྡོག་གཏོང་ཆེད། ལྷུན་རྩེ་རྫོང་དབུལ་སྐྱོར་སྡེ་ཚན་གྱིས་མ་དངུལ་བཏང་སྟེ་ཤང་དུ་དྲོད་ཁང་ཆེ་མོ་4བསྐྲུན་ནས། ཐོག་མར་བཏབ་པའི་གུང་ལ་ཕུག་དང་། སུར་པན། པད་ཚལ་བཅས་དྲོད་ཁང་དུ་མྱུ་གུ་འབུད་བཞིན་ཡོད། 2016ལོར་རྒྱལ་ཁབ་ཀྱིས་མ་དངུལ་འབོར་ཆེན་བཏང་ནས་ཡུལ་སྨད་ནས་ཕྱི་ཕྱོགས་སུ་ཤར་གཏོང་ཐུབ་པའི་སྣུམ་ནག་གཞུང་ལམ་བསྐྲུན་པས་དེ་གའི་དགུན་དུས་གངས་ཆེན་གྱིས་རི་རྒྱ་བསྡམས་པ་དང་ཕྱི་རོལ་ཡུལ་དང་འབྲེལ་ཐུག་མི་ཐུབ་པའི་རྣམ་པར་འགྱུར་ལྡོག་ཕྱིན་ཡོད།
     རྨང་གཞིའི་སྒྲོག་བཀོད་འཐུས་སྒོ་ཚང་དུ་ཕྱིན་པ་ལས་བྱུང་བའི་སྟབས་བདེའི་འཚོ་བས་ཡུལ་སྨད་ཤང་གི་སྐད་གྲགས་ཇེ་ཆེར་སོང་། 2019ལོའི་ཟླ་4པར་ཐེམ་ཐོ་ཕྱི་ནས་ཡིན་པའི་ཡུལ་མི་དུད་ཚང་47དེ་གར་སྤོས་པས་ཡུལ་སྨད་ཤང་གི་ཐེམ་ཐོ་ཡིན་པའི་མི་འབོར་191བར་མང་དུ་ཕྱིན།
     ད་ཆ་ཡུལ་སྨད་ཤང་གིས་དེ་བས་མང་བའི་ཐོན་ལས་ལ་འཆར་འགོད་བྱེད་བཞིན་ཡོད་པ་དང་། ཡུལ་སྨད་ཤང་སྲིད་གཞུང་གི་ལྷོ་ངོས་ཀྱི་སྤྱི་ལེ་10ཡི་མཚམས་སུ་གཏེར་ཆུ་བཟོ་གྲྭ་ཞིག་བསྐྲུན་ཟིན་པ་དང་། སྔོན་དཔག་བྱས་ན། འདི་ལོའི་ལོ་མཇུག་གོང་དུ་སྒྲིག་ཆས་སྒྲིག་སྦྱོར་བྱས་ནས་ཐོན་སྐྱེད་བྱེད་འགོ་ཚུགས་རྒྱུ་རེད། གཞན་ཡང་ཤང་གིས་འཆར་འགོད་བྱས་པའི་འབྲི་གཡག་གཅིག་སྡུད་གསོ་ཚགས་ར་བ་དང་། ཚོང་འགུགས་མ་འདྲེན་གྱི་བོད་ཕག་གསོ་ཚགས་ར་བར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་ཡོད།