འཚོལ་བཤེར།   
藏文频道
2020ལོའི་ཟླ་6ཚེས་2ཉིན།

༄༅༎གྲོང་ཚོ་གསར་པ་བཙུགས་ནས་སྡོད་ཁང་གསར་པར་སྤོས་པ།

——ཟུང་ཆུ་རྫོང་ཏ་ཞེན་ཞང་སྡོད་པ་གྲོང་གསར་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་སྐོར་བཀོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་02ཉིན། 13:22】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
ཏ་ཞེན་ཞང་སྡོད་པ་གྲོང་གསར་གྱི་རྣམ་པ།
ཏ་ཞེན་ཞང་སྡོད་པ་གྲོང་གསར་གྱི་རྣམ་པ།
     མི་དམངས་དྲ་བའི་འཕྲིན། ཁོད་སྙོམས་ཤིང་གཙང་པའི་གྲོང་སྡེའི་གཞུང་ལམ་རེ་རེ་སྒོ་འགྲམ་བར་ཤར་གཏོང་ཐུབ་ཡོད་ལ། ཉི་འོད་ནུས་པའི་ལམ་སྒྲོན་རེ་རེས་ཁྱིམ་དུ་ལོག་པའི་ལམ་གསལ་བར་བཟོས། ཆུ་འབུད་ཡུར་བུ་གྲོང་ཚོའི་མཐའ་མཚམས་བརྒྱུད་གྲོང་འགོ་ནས་གྲོང་མཇུག་བར་བཟོས་ཡོད་ལ། ཟུར་འཇོག་འགོག་སྲུང་སྒྲོམ་སྐྱོར་གྱིས་འཚོ་བ་སྐྱེལ་ཁུལ་དང་ཕྱུགས་འཚོ་བའི་ཁུལ་ཁ་ཁ་སོ་སོ་བྱས་ཡོད……ས་རྒོད་ཐོག་འཛུགས་སྐྲུན་བྱས་པའི་གྲོང་ཚོ་གསར་པ་འདི་ནི་ཟུང་ཆུ་རྫོང་གིས་དབུལ་སྒྲོལ་འགག་སྒྲོལ་ཟབ་སྤེལ་བྱེད་པའི་ཁྲོད་ཡུལ་གཞན་དུ་གནས་སྤོ་དབུལ་སྐྱོར་རྣམ་གྲངས་ལོངས་སྤྱོད་བྱས་པ་དང་། ས་བབ་མཐོ་ཚད་སྨི་3600ཟིན་པའི་རི་མཐོ་ས་ནས་གཞུང་ལམ་བརྒྱུད་དུ་གནས་སྤོས་པའི་ཏ་ཞེན་ཞང་སྡོད་པ་གྲོང་གསར་རེད། 
     དཀར་ཞིང་གཙང་བའི་པང་གཅལ་ས་ཕག་དང་། གསར་པ་གསར་རྐྱང་གི་དཔྱང་གཅལ། གསལ་ཆ་ཆེ་བའི་གློག་སྒྲོན……ཏ་ཞེན་ཞང་སྡོད་པ་གྲོང་ཚོའི་དུད་ཚང་དབུལ་པོ་རིག་འཛིན་འབུམ་ཚང་ནི་2018ལོའི་ལོ་མཇུག་ཏུ་བདེ་བླག་ངང་གྲོང་གསར་དུ་སྤོས་ནས་སྡོད་ཁང་གསར་པར་སྡོད་ཡོད་པ་རེད། 
     “དེ་སྔ། ང་ཚོ་རི་འགོར་བསྡད་ཡོད། ནང་གི་བྱིས་པ་གཉིས་སློབ་གྲྭར་འགྲོ་དུས་ཉིན་རེར་སྤྱི་ལེ་10ལྷག་ཙམ་འགྲོ་དགོས། དགུན་དུས་ལམ་ངོས་སུ་འཁྱགས་པ་ཐེབས་ན་ཉེན་ཁ་ཧ་ཅང་ཆེན་པོ་ཡོད། ད་ཆ་རི་འདབས་སུ་གནས་སྤོས་རྗེས་འགྲིམ་འགྲུལ་སྟབས་བདེ་རུ་ཕྱིན། ང་ཚོའི་འཚོ་བ་ཉིན་རེ་བཞིན་ཇེ་ཡག་ཏུ་འགྲོ་བཞིན་ཡོད”ཅེས་རིག་འཛིན་འབུམ་གྱིས་ད་ལྟའི་འཚོ་བའི་སྐོར་གླེང་སྐབས་དགའ་སྤྲོ་དང་བཅས་བཤད།
     རིག་འཛིན་འབུམ་དང་མཉམ་དུ་སྡོད་ཁང་གསར་པར་གནས་སྤོས་མཁན་ཁྱོན་དུད་ཚང་དབུལ་པོ་15ཡོད་པ་རེད། ཁོ་ཚོས་དབུལ་སྒྲོལ་འགག་སྒྲོལ་གྱི་ཡུལ་གཞན་དུ་གནས་སྤོ་དབུལ་སྐྱོར་གྱི་སྲིད་ཇུས་ལོངས་སྤྱོད་བྱས་རྗེས། གྲོང་ཚོ་གསར་པར་སྡོད་ཁང་གསར་པ་བསྐྲུན་ནས་ཁྱིམ་ཚང་ཚང་མའི་འཚོ་བར་ངོ་བོའི་རང་བཞིན་གྱི་འགྱུར་བ་བྱུང་ཡོད། 
     ད་ལོ་སྡོད་པ་གྲོང་ཚོའི་དུད་ཚང་དབུལ་པོ་མ་ཡིན་པའི་གནས་སྤོའི་ལས་དོན་དེ་ཡང་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་ཐུགས་ཁུར་འོག་བདེ་བླག་ངང་སྤེལ་འགོ་ཚུགས་པ་རེད། མིག་སྔར་གྱི་སྡོད་པ་གྲོང་གསར་དུ་ཚ་ཚ་འུར་འུར་གྱི་འཛུགས་སྐྲུན་རྣམ་པ་ཞིག་ཆགས་ཡོད། གཞོན་ནུ་དང་དར་མ་ཚོས་ཁང་པའི་ཐོག་ལག་རྩལ་གྱི་ལས་ཀ་ལས་པ་དང་། ལོ་རྒན་པ་དག་གིས་ཟུར་དུ་རམ་འདེགས་བྱེད་པ། བུད་མེད་ཚོས་ཨར་ལས་རྒྱུ་ཆ་མཁོ་འདོན་བྱེད་པར་བྲེལ་བཞིན་ཡོད། ད་ཐེངས་ཀྱི་གནས་སྤོ་ནི་སྡོད་པ་གྲོང་ཚོའི་གྲོང་མིའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པ་དང་སྡོད་ཁང་འཛུགས་སྐྲུན་བྱ་རྒྱུ་ནི་ད་ལོའི་དོན་ཆེན་ཨང་དང་པོ་དེ་རེད། དེར་བརྟེན་གྲོང་ཚོའི་ནང་གི་ཕོ་མོ་རྒན་གཞོན་ཚང་མ་ཕྱིར་གླ་རྒྱག་པར་བསྐྱོད་མེད་པར་ཚང་མ་གྲོང་ཚོར་བསྡད་དེ་ཕན་ཚུན་རོགས་རམ་བྱེད་ཀྱི་ཡོད། 
     རྒན་མོ་ཞིག་གིས་གསར་འགོད་པར“ང་ཚོའི་གྲོང་ཚོའི་གྲོང་མི་ཚོ་ད་ལོ་རི་འགོར་དབྱར་རྩྭ་དགུན་འབུ་འཐུ་བ་དང་ཨག་ལིག་འཚོལ་བར་འགྲོ་གི་མེད། ཚང་མས་གྲོང་ཚོའི་ནང་ཕན་ཚུན་རོགས་རམ་བྱས་ནས་སྡོད་ཁང་གསར་པ་བསྐྲུན་བཞིན་ཡོད”ཅེས་བཤད་པ་རེད། གྲོང་ཚོའི་ནང་ཟླ་4པ་ནས་ཟླ་6པའི་ཟླ་སྟོད་བར་ཉིན་བཞིན་སྡོད་ཁང་གསར་པ་སྐྲུན་བཞིན་ཡོད།
     སྡོད་པ་གྲོང་ཚོའི་ཡུལ་གཞན་དུ་གནས་སྤོའི་ལས་དོན་ནི་ཏ་ཞེན་ཞང་ཏང་ཨུད་དང་སྲིད་གཞུང་གི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེན་ཡིན་ལ། དཀའ་ངལ་ནང་གི་དཀའ་གནད་ཀྱང་ཡིན། ཞང་ཏང་ཨུད་དང་སྲིད་གཞུང་གི་ལས་བྱེད་དང་ལས་བཟོ་བ། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ལས་བྱེད་པ། དེ་བཞིན་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་བཅས་ཀྱིས་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་རིང་དཀའ་སྤྱད་ཀྱི་ངལ་རྩོལ་དང་རྔུལ་ཆུ་བཏོན་ཡོད། 
     གྲོང་ཚོ་དེའི་ཧྲུའུ་ཅི་དང་པོ་ཁྲེན་ཞང་པོས“དཀའ་ལས་མང་པོ་བརྒྱབ་རྗེས་ད་གཟོད་ལས་ཀ་འདི་བདེ་བླག་ངང་སྤེལ་ཐུབ་པ་བྱུང”ཞེས་བཤད། གནས་སྤོའི་ལས་དོན་ནི་ཐོག་མཐའ་བར་གསུམ་དུ་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་གཙོ་གནད་ཅིག་ཡིན་པ་དང་གྲོང་མི་གནས་སྤོའི་བརྒྱུད་རིམ་ཧྲིལ་པོའི་ནང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གོམ་པ་གང་ཡང་འབྲལ་མི་ཕོད་པར། དུས་དང་རྣམ་པ་ཀུན་ཏུ་གནས་ཚུལ་ཁོང་དུ་ཆུད་པ་དང་། གནད་དོན་ཤེས་རྟོགས་ཐུབ་ནས་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས་པ་རེད། 
     རྣམ་གྲངས་རེ་ཞུ་དང་། མ་དངུལ་གྲབས་གསོག  ཨར་ལས་ལ་ལྟ་སྐུལ་བཅས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་དམ་འཛིན་དོན་གཉེར་གྱི་ལས་ཀའི་སྤྱོད་ཚུལ་ཐོག་ནས་སྡོད་པ་གྲོང་ཚོར་གྲོང་ཚོ་གསར་པ་འཛུགས་རོགས་བྱས་པ་རེད། འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་རྗེས། ད་དུང་མང་ཚོགས་ཀྱི་ཡོང་འབབ་ཀྱང་མང་དུ་གཏོང་དགོས། སྡོད་པ་གྲོང་གསར་ཇི་ལྟར་བྱས་ན་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་ཐུབ་རྒྱུ་དེ་གྲོང་གསེབ་ལས་བྱེད་པས་དོ་ཁུར་བྱེད་པའི་གཙོ་གནད་དུ་གྱུར་ཡོད། ཏ་ཞེན་ཞང་གིས་ཐོན་ལས་དཀའ་བ་དང་འབབ་འཕར་དཀའ་བའི་ཐད་འབད་བརྩོན་བྱས་ནས། “རྨང་གཞི”དང་། “བརྟན་པོ།” “གསོ་སྐྱོང་།” “ལག་རྩལ།” “ཀླད་པ།”བཅས་“ཚིག་ལྔའི་ལས་ཀའི་བྱེད་ཕྱོགས”ལེགས་པར་བཏོན་པར་བརྟེན། གནས་སྤོས་མང་ཚོགས་ལ་ལས་དོན་སྒྲུབ་རྒྱུ་ཡོད་པ་དང་དངུལ་རག་ཐུབ་པ། བསམ་བློ་འགྱུར་ལྡོག་བཏང་སྟེ་གྲོང་མི་གནས་སྤོ་ཐུབ་པ་དང་། སྡོད་ཐུབ་པ། ཕྱུག་པོར་འགྱུར་ཐུབ་པ་བཅས་བྱས་པ་རེད། 
     ད་ལྟ། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་འོག་གྲོང་ཚོ་གསར་པ་བཙུགས་པ་དང་ཁང་པ་གསར་པར་སྤོས་པ་རེད། གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་ཚང་དུ་ཕྱིན་ནས་གྲོང་མིའི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སྣང་ཉིན་བཞིན་ཆེ་རུ་འགྲོ་བཞིན་ཡོད།
སྡེ་མིས་ཕན་ཚུན་རོགས་རེས་བྱས་ནས་ཁང་པ་གསར་པ་སྐྲུན་པ།
སྡེ་མིས་ཕན་ཚུན་རོགས་རེས་བྱས་ནས་ཁང་པ་གསར་པ་སྐྲུན་པ།