འཚོལ་བཤེར།   
藏文频道
2020ལོའི་ཟླ་6ཚེས་2ཉིན།

༄༅།།གུང་གཞོན་སྡེ་ཚོགས་ཀྲུང་དབྱང་དང་ཀྲུང་གོའི་ལོ་ཆུང་གདོང་ལེན་རུ་ཁག་རྒྱལ་ཡོངས་ལས་
དོན་ཨུ་ལྷན་གྱིས་དྲ་ཐོག་ཏུ་བརྗོད་དོན་གཙོ་བོའི་རུ་ཁག་ཉིན་མོའི་བྱེད་སྒོ་སྤེལ་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་02ཉིན། 09:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་31ཉིན་གློག་འཕྲིན་འབྱོར་གསལ། “དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་འཆར་ལ་ཉེ་བའི་མཚམས་སུ། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་དང་ཀྲུང་གོའི་ལོ་ཆུང་གདོང་ལེན་རུ་ཁག་རྒྱལ་ཡོངས་ལས་དོན་ཨུ་ལྷན་གྱིས“སྐེ་དར་དམར་པོ་དེ་བས་དམར་མདངས་བཀྲ་བར་བྱེད”ཅེས་པའི་དྲ་ཐོག་གི་བརྗོད་དོན་གཙོ་བོའི་རུ་ཁག་ཉིན་མོའི་བྱེད་སྒོ་སྤེལ་བ་རེད། བྱེད་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་ཆུང་བྱིས་པ་ཚོར་བཏོན་གནང་བའི་བླང་བྱ་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བྱ་རྒྱུ་གཙོ་རྐང་དུ་བྱས་ཏེ། “ཕུགས་བསམ་གཏོད་པ”དང“ཀུན་སྤྱོད་སྐྱོང་བ”“སློབ་སྦྱོང་ལ་དགའ་བ”“གཟུགས་གཞི་ཐང་དུ་གཏོང་བ”“ངལ་རྩོལ་ལ་དགའ་བ”བཅས་ཀྱི་ནང་དོན་5ལ་གཞིགས་ནས་ཀྲུང་གོའི་ལམ་ལུགས་ཀྱི་ལེགས་ཆ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་གྱི་བརྗིད་ཆེའི་འཆར་བཀོད་རྣམ་པ་སྣ་ཚོགས་ལ་བརྟེན་ནས་གསོན་ཉམས་ལྡན་པའི་དྲིལ་བསྒྲགས་དང་། དུས་རབས་གསར་པའི་ལོ་ཆུང་གདོང་ལེན་རུ་མིའི་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་དཔའ་ངར་ཆེར་སྐྱེད་ཀྱི་བསམ་པའི་ཉམས་འགྱུར་མངོན་ཡོད།
    ས་གནས་ཁག་གི་ལོ་ཆུང་གདོང་ལེན་རུ་མིའི་རྩ་འཛུགས་ཀྱིས་ཀྱང་དྲ་ཐོག་དང་དྲ་ཕྱིའི་རྣམ་པ་བརྒྱུད་གདོང་ལེན་པའི་མིག་དཔེ་གདན་དྲངས་ནས་རུ་མི་དང་ཅི་འཕྲོས་མོལ་འཕྲོས་དང་སྤེལ་རེས་བྱས་པ་དང་། རུ་མི་གསར་པ་རུ་ཁག་ནང་ཞུགས་པའི་མཛད་སྒོ་འཚོགས་པ། གཅེས་སེམས་འཚམས་འདྲིའི་བྱེད་སྒོ་སོགས་སྤེལ་ཏེ་དུས་ཆེན་དགའ་གཏོང་བྱས་པ་རེད།
    ཡུན་ནན་ཁུན་མིང་གྲོང་ཁྱེར་ཝུའུ་ཧྭ་ཆུས་ཝུན་ལིན་སློབ་ཆུང་དུ་རུ་མི་གསར་པས་སྐེ་དར་དམར་པོ་བཏགས་ནས། “ཕན་ཡན་སློབ་ཁང”དུ་བསྐྱོད་དེ་དཔའ་བོ་ཕན་ཡན་གྱི་གསར་བརྗེའི་བྱས་རྗེས་ལ་སློབ་སྦྱོང་བྱས་པ་དང་། ལྷོ་ནུབ་མཉམ་འབྲེལ་སློབ་ཆེན་གྱི་གཟི་བརྗིད་ལྡན་པའི་ལོ་རྒྱུས་ལ་ཤེས་རྟོགས་བྱས་པ་རེད། ཅང་སུའུ་དང་། ཧོ་ནན། ཁྲུང་ཆིང་། ཧྲའན་ཤིས། མཚོ་སྔོན་སོགས་ས་ཁུལ་དུ་རུ་མི་གསར་པ་རུ་ཁག་ནང་ཞུགས་པའི་མཛད་སྒོའི་ཐོག་ཧུའུ་པེར་རོགས་སྐྱོར་བྱེད་མཁན་གྱི་སྨན་དོན་མི་སྣ་དང་། རིམས་འགོག་དཔའ་བོའི་ནང་མི། ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་། སྡེ་ཚོགས་ཀྱི་ཚོགས་མིའི་ལས་བྱེད་པ་སོགས་ཀྱིས་འབད་འབུངས་དང་ལེགས་སྐྱེས་ཕུལ་བའི་གཏམ་རྒྱུད་ཉན་ནས་རུ་དར་འོག་སྒམ་བརླིང་ལྡན་པའི་དམ་བཅའ་བཞག་པ་རེད།
    ཀོང་ཤིས་ཕིང་ཤང་གྲོང་ཁྱེར་གྱི་སློབ་ཆུང་དང་པོའི“ཤིང་བལ་མེ་ཏོག”རུ་ཆུང་གིས་རྒྱལ་སྲུང་མཐའ་སྲུང་དཔའ་བོ་འཚོལ་བ་དང་དཔའ་བོ་དང་མཉམ་དུ་རྒྱལ་དར་སྒྲེང་བ་དང་། ས་མཚམས་དབྱེ་བའི་རྡོ་རིང་ཕྱིས་པ། མཐའ་སྲུང་སྐོར་གཡེང་མྱོང་རོལ་བྱེད་པ་བཅས་བྱས་ཏེ་དཔའ་བོར་གུས་འདུད་ཞུས་པ་རེད། པེ་ཅིང་དང་། ཐེན་ཅིན། ལེའོ་ཉིང་། ཅང་ཤིས། ཧྲན་ཏུང་། ཧུའུ་པེ། ཀུའེ་ཀྲོའུ། ཉིང་ཞ་སོགས་ས་ཁུལ་དུ་རུ་མི་ཚོ་དྲ་རྒྱའི་བྱེད་སྒོར་ཞུགས་ཏེ་རིམས་འགོག་དམག་འཐབ་ཀྱི་ལྡོག་སྐྱོད་མཁན་དང་། དབུལ་སྒྲོལ་དམག་འཐབ་ནང་ལེགས་སྐྱེས་འབུལ་མཁན། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ལྗང་མདོག་སྲུང་དམག གྲོང་ཁྱེར་གྱི་འཁོར་ལམ་འགྲིམ་འགྲུལ་གྱི་འཛུགས་སྐྲུན་བཟོ་བཀོད་པ། དབང་པོར་སྐྱོན་ཡོད་ཀྱང་བློ་སྤོབས་ཆེ་བའི་གཞོན་ནུ་བཟང་པོ་བཅས་ཀྱི་འབད་འཐབ་ཀྱི་གཏམ་རྒྱུད་ལ་ཤེས་རྟོགས་བྱས་ཏེ་ཆུང་དུས་ནས་གདོང་ལེན་པར་སློབ་སྦྱོང་བྱས་ནས་ནར་སོན་རྗེས་གདོང་ལེན་པ་བྱ་རྒྱུའི་བློ་སྟོབས་མཚོན་པ་བྱས་པ་རེད།
    ཀྲེ་ཅང་ཧང་ཀྲོའུ་གྲོང་ཁྱེར་ཧྲེང་ལན་ཚོད་ལྟའི་སློབ་ཆུང་གི་ལོ་ཆུང་གདོང་ལེན་རུ་མི་ཚོས་ཁྱད་ཆོས་ལྡན་པའི་སྤྲོ་གསེང་བྱེད་སྒོའི་ནང་ཞུགས་ཏེ། དམར་དམག་གི་རྒྱང་སྐྱོད་གཏམ་རྒྱུད་ཤེས་རྟོགས་བྱས་ནས་དུས་རབས་ཀྱི་འཕེལ་རྒྱས་ཡར་ཐོན་མྱོང་རོལ་བྱས་པ་རེད། ཧྥུའུ་ཅན་ཧྥུའུ་ཀྲོའུ་གྲོང་ཁྱེར་ཚང་ཧྲན་སློབ་ཆུང་གི་རུ་མི་ཚོས་ཀྲུང་གོའི་སྟོབས་ཤུགས་དང་། ཀྲུང་གོའི་གསུང་སྒྲ ཀྲུང་གོའི་འབྱུང་འགྱུར་བཅས་ལ་དམིགས་ནས་ཕུགས་བསམ་དང་ཕུགས་འདུན་ལྷུག་པོར་གླེང་ཞིང་། ཧུའུ་ནན་ཞིང་ཆེན་ཁྲང་ཧྲ་གྲོང་ཁྱེར་དུ་རུ་མི་ཚོས་སྐེ་དར་དམར་པོའི་གྲོས་བསྡུར་ཚོགས་འདུ་རང་འགུལ་ངང་འཚོགས་ཏེ་འདུན་པ་ཆུང་ངུ་དང་གྲོས་འགོ་ཆུང་ངུ་སྤེལ་རེས་དང་གྲོས་བསྡུར་བྱས་པ་རེད།
    ཧྲང་ཧའེ་དང་བོད་ལྗོངས་སུ་སྨན་དོན་མི་སྣ་དང་། སྤྱི་བདེའི་ལས་བྱེད་ཉེན་རྟོག་པ། འགག་སྒོའི་མཐའ་མཚམས་ཞིབ་བཤེར་བ། སྡེ་ཁུལ་གྱི་ལས་དོན་པ། མྱུར་སྐྱེལ་བ་སོགས་རིམས་འགོག་གི་འཐབ་ས་དང་པོའི་མི་སྣའི་བུ་ཕྲུག་གུང་གཞོན་སྡེ་ཚོགས་ཨུ་ལྷན་གྱི་ལས་ཁུངས་སུ་གདན་དྲངས་ནས་གུང་གཞོན་སྡེ་ཚོགས་ཀྱི་གཅེན་པོ་གཅེན་མོ་ཚོ་དང་མཉམ་དུ་སྤེལ་རེས་བྱས་པ་རེད།