འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་29ཉིན།

༄༅༎ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་བཅད་དེ་ཐུན་མོང་ཐོག་བསྐྱར་དར་གྱི་
རླབས་ཆེན་བྱ་གཞག་ཆེད་གཞོལ་དགོས།

—— རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་རྒྱལ་ཁའི་ངང་གྲོལ་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་29ཉིན། 09:52】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     བློ་གཅིག་སེམས་གཅིག་སྒོ་ནས་ཇུས་བཟང་བཀོད། ཇུས་ཤུགས་མཉམ་འདོན་འཕེལ་རྒྱས་སྐུལ་འདེད་བཏང་། ཟླ་5ཚེས་27ཉིན་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ནས་པེ་ཅིང་དུ་རྒྱལ་ཁའི་ངང་གྲོལ་བ་རེད། ང་ཚོས་ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་བྱུང་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་ཡིན།
     ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་རྒྱུན་རྣམ་ཅན་དུ་གྱུར་པའི་རྒྱབ་ལྗོངས་འོག་འཚོགས་པའི་ཐེངས་འདིའི་ཚོགས་ཆེན་ནི་དམངས་གཙོ་མཐུན་སྒྲིལ་དང་བདེན་འཚོལ་ཡར་བརྩོན་གྱི་ཚོགས་ཆེན་ཞིག་དང་གདེང་ཚོད་དང་ངར་ཤུགས་འཕེལ་བའི་ཚོགས་ཆེན་ཞིག་རེད། ཚོགས་འདུ་འཚོག་རིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་བློ་མཐུན་ཨུ་ཡོན་གྱི་ཚོགས་ཆུང་དུ་ཕེབས་པ་དང་འབྲེལ། མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུར་ཞུགས་ནས་བསམ་འཆར་དང་གྲོས་འགོ་གསན་པ་དང་། ཨུ་ཡོན་ཚོ་དང་ལྷན་དུ་རྒྱལ་དོན་ལ་གྲོས་མོལ་གནང་བ་དང་ཇུས་བཟང་མཉམ་འགོད་གནང་བ་རེད། རྒྱ་ཆེའི་སྲིད་གྲོས་ཀྱི་ཨུ་ཡོན་གྱིས་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་རང་འགན་གཙང་སྒྲུབ་ཏན་ཏིག་གནང་ཞིང་། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་དང་གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྙན་སྒྲོན་གསན་པ་དང་གྲོས་ཞིབ་གནང་བ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པར་ཟུར་ཞུགས་གནང་བ། སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་འབྲེལ་ཡོད་སྙན་སྒྲོན་གཞན་དག་གསན་པ་དང་འབྲེལ་གྲོས་བསྡུར་ཡང་གནང་བ། དམངས་དོན་ཁྲིམས་གཞུང་གི་འཆར་ཟིན་སོགས་ལ་གྲོས་བསྡུར་གཏིང་ཟབ་གནང་རྗེས། མོས་མཐུན་ཡོད་ལུགས་གསུངས་པ་དང་འབྲེལ་བསམ་འཆར་དང་གྲོས་འགོ་ཡང་བཏོན་གནང་བ། རྒྱལ་ཁབ་ཀྱི་རིམ་ངོས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་གི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་བར་ཚང་མས་མགྲིན་གཅིག་ཏུ་མོས་མཐུན་གནང་བ་དང་འབྲེལ་རྒྱབ་སྐྱོར་ཡང་གནང་ཡོད། ད་རེས་ཀྱི་ཚོགས་ཆེན་ནི་སྤྱོད་གཙང་གཞུང་དྲང་དང་གཡུར་ཟའི་གྲུབ་འབྲས་ཐོབ་པའི་ཚོགས་ཆེན་ཞིག་ཡིན་ཞིང་། ཨུ་ཡོན་ཚོས་གྲོས་བསྡུར་འཁྲུག་པོ་དང་དངོས་ཐོག་བདེན་འཚོལ་གྱི་ཐོག་ནས་ཆབ་སྲིད་རྩ་འཛུགས་དང་དམངས་གཙོའི་རྣམ་པ་ཞིག་ཡིན་པའི་མི་དམངས་སྲིད་གྲོས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་གནང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་གསོན་ཤུགས་དང་ལེགས་ཆ་གང་ལེགས་མངོན་པར་བྱས་ཡོད། ཚོགས་ཆེན་རྒྱལ་ཁའི་ངང་འཚོགས་པ་དེ་ལས། དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་དམིགས་ཚད་ལས་འགན་ལེགས་གྲུབ་ཡོང་བ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པའི་འགན་ལེན་བྱ་རྒྱུར་སྐུལ་འདེད་གཏོང་ཆེད། ཡིད་ཆེས་ལྡབ་འཕེལ་དང་། ངོས་འཛིན་གཅིག་མཐུན། ངར་ཤུགས་གཅིག་སྒྲིམ་བཅས་བྱུང་ཡོད།
     ཡུན་རིང་དཀའ་སྤྱད་འཚོལ་ཞིབ་དང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ང་ཚོར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རླབས་ཆེན་རྒྱལ་ཁ་ཐོབ་ལ་ཉེ། དེ་ནི་དཔའ་ངར་ཞུམ་མེད་དང་ཡུན་རིང་འབད་འཐབ་བྱས་པའི་འབྲས་བུ་ཞིག་རེད་ལ། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་སྐྱོད་འགོ་ཚུགས་པ་དང་རླུང་གཡོར་བསྒྲེངས་ནས་སླར་ཡང་ཐོན་འགོ་ཚུགས་པའི་སྐུལ་སློང་ཞིག་དེ་བས་ཀྱང་རེད། མདུན་སྐྱོད་ཀྱི་རྒྱང་སྐྱོད་ལམ་བུ་གེགས་མེད་བདེ་བགྲོད་ཡོང་མི་སྲིད་ལ། དམིགས་ཚད་ཀྱི་ཕྱོགས་སུ་ཇི་ཙམ་བཅར་ན་དེ་ཙམ་གྱིས་ཉེན་ཁ་དང་འགྲན་སློང་མང་པོ་འཕྲད་ངེས་ཡིན་པ་ང་ཚོས་གསལ་པོ་ཤེས་ཀྱི་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཀྲུང་གོས་དུས་ཐུང་ནང་རིམས་ནད་ཚོད་འཛིན་ནུས་ལྡན་བྱས་པའི་རླབས་ཆེན་གྱི་འཐབ་རྩོད་ལས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས། རང་རྒྱལ་གྱི་རྒྱལ་ཁབ་བཅོས་སྐྱོང་མ་ལག་བཅས་ལ་གསོན་ཤུགས་ཧ་ཅང་ཆེན་པོ་ལྡན་པ་དང་ཁྱད་འཕགས་རང་བཞིན་མངོན་གསལ་དོད་པོ་ལྡན་པ་སླར་ཡང་ར་འཕྲོད་ཐུབ་ཡོད་ལ། རླབས་ཆེན་གྱི་ཀྲུང་གོའི་མི་དམངས་ཀྱིས་མདུན་སྐྱོད་ཀྱི་ལམ་བུའི་ཐོག་གི་དཀའ་ཉེན་སྣ་ཚོགས་ལས་རྣམ་པར་རྒྱལ་ཐུབ་པ་མ་ཟད། མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཐུབ་ངེས་ཀྱང་ཡིན་པ་སླར་ཡང་ར་འཕྲོད་ཐུབ་ཡོད། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཆབ་སྲིད་ཀྱི་ལེགས་ཆ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་པ་དང་། ཡིད་ཆེས་བརྟན་གཏོང་གིས་འབད་འབུངས་མདུན་སྐྱོད་བྱེད་པ། འཐབ་རྩོད་བྱེད་ཕོད་པ་དང་དམག་འཐབ་བྱེད་མཁས་པོ་བྱེད་པ་བཅས་བྱས་ན། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཐུབ་ངེས་ཡིན་པ་དང་། བབ་བསྟུན་འཕྲལ་སྒྲུབ་ཀྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུར་ཞུགས་ཏེ་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་དཔུང་འཇུག་བྱེད་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།
     མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོ་མཐའ་འཁྱོངས་བྱས་ཏེ། ནུས་ཤུགས་ཡོད་རྒུ་རྩལ་སྤྲུགས་ཀྱིས་དགེ་མཚན་ལྡན་པའི་རྒྱུ་རྐྱེན་མཐའ་དག་སྐུལ་སློང་དང་། མཐུན་སྒྲིལ་བྱེད་ཐུབ་པའི་མི་མཐའ་དག་ལ་མཐུན་སྒྲིལ། རླབས་ཆེན་བྱ་གཞག་སྒྲུབ་པའི་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་བཅས་བྱ་རྒྱུ་ནི་མི་དམངས་སྲིད་གྲོས་ཀྱི་བླ་ན་མེད་པའི་ལས་འགན་ཞིག་རེད། མི་དམངས་སྲིད་གྲོས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། དེ་བཞིན་ཀྲུང་དབྱང་གི་སྲིད་གྲོས་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། བརྗོད་དོན་ཆེན་པོ་གཉིས་ཡིན་པའི་མཐུན་སྒྲིལ་དང་དམངས་གཙོ་མཐའ་འཁྱོངས་བྱེད་པ། ཆེད་དོན་གྲོས་མོལ་སྒྲིག་གཞིའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བར་ཞབས་འདེགས་ཞུ་རྒྱུ་དེ་ལས་ཀའི་གཙོ་རྐང་དུ་འཛིན་པ། མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་ཀྱི་ལེགས་ཆ་དེ་རྒྱལ་ཁབ་བཅོས་སྐྱོང་གི་ནུས་ཕྱོད་དུ་སྒྱུར་བ་བཅས་ཀྱི་ཐོག་ནས། ཇུས་འདོན་སྲིད་སྐྱོང་ཧུར་ཐག་བྱས་ཏེ་ཐུན་མོང་གི་ངོས་འཛིན་གཅིག་མཐུན་རྒྱ་ཁྱབ་ཡོང་བ་བྱེད་དགོས། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་སྟངས་འཛིན་ནན་པོ་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་འཛིན་པའི་ཏང་ཤོག་ཚོགས་པ་ཁག་དང་། མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣའི་ཆབ་སྲིད་ཀྱི་མོས་སེམས་དང་། བསམ་བློའི་མོས་སེམས། རིགས་པའི་གཞུང་ལུགས་ཀྱི་མོས་སེམས། བརྩེ་དུང་གི་མོས་སེམས་བཅས་ཆེ་རུ་བཏང་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱེད་པའི་བྱ་ཐབས་ནུས་ལྡན་དང་རང་རྟོགས་ཀྱི་བྱ་སྤྱོད་ཐོག་དོན་འཁྱོལ་བྱེད་དགོས། ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ལ་དམིགས་ནས་རང་འགན་གཙང་སྒྲུབ་ནན་ཏན་བྱེད་པ་དང་། སྤྱི་ཡོངས་ལ་དམིགས་པ་དང་། སྤྱི་ཡོངས་ལ་གཞི་ཚུགས་པ། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ། ཐབས་ཇུས་གྲོས་འགོའི་སྔ་བལྟས་ཕྱི་བསམ་གྱི་རང་བཞིན་དང་། དམིགས་སའི་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་ཆེ་རུ་གཏོང་བ། ལས་རིགས་ཁག་གི་མང་ཚོགས་ལ་མིག་སྔའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འཕྲད་པའི་འགལ་ཟླ་དང་། ཉེན་ཁ། དཀའ་ངལ། འགྲན་སློང་བཅས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་རྒྱུའི་ཁྲིད་སྟོན་བྱེད་པ་བཅས་བྱས་ནས་ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་དགོས། ཐབས་ཇུས་མ་འགོད་གོང་དང་ཐབས་ཇུས་ལག་བསྟར་བྱེད་རིང་གྲོས་མོལ་བྱེད་པའི་དོན་འཁྱོལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། རིམ་པ་ཁ་གསལ་དང་། ལེ་ལག་ཆ་ཚང་། འཁོར་སྐྱོད་བདེ་བླག་བཅས་ཀྱི་སྲིད་གྲོས་ཀྱི་གྲོས་མོལ་ལམ་ལུགས་ཀྱི་ཚད་གཞི་ཞིག་ཆགས་པ་བྱེད་དགོས། སྲིད་གྲོས་ཨུ་ཡོན་གྱི་འགན་འཁྲི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཨུ་ཡོན་ལ་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་རྒྱུ་དང་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཕོད་པའི་སློབ་གསོ་ཁྲིད་སྟོན་བྱས་ནས། སྲིད་གྲོས་ཨུ་ཡོན་གྱིས་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་ཞབས་འདེགས་ཞུ་བའི་ཐད་བློ་གྲོས་དང་སྟོབས་ཤུགས་དེ་བས་ལེགས་པའི་ངང་ལེགས་སྐྱེས་སུ་འབུལ་བར་སྐུལ་འདེད་གཏོང་དགོས།
     བློ་སེམས་གཅིག་མཐུན་གྱིས་ཀྲུང་གོའི་ཕུགས་འདུན་གཏོད་པ་དང་ལག་གདང་སྦྲེལ་ནས་དུས་རབས་གསར་པར་མདུན་སྐྱོད་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག མི་དམངས་སྲིད་གྲོས་ཀྱི་འགན་འཁྲི་ལྕི་ལ་ལས་འགན་གཟི་བརྗིད་ལྡན་པ་ཞིག་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། བློ་སེམས་གཅིག་མཐུན་དང་ངར་ཤུགས་གཅིག་སྒྲིམ་གྱིས་རྒྱལ་ཁ་ཐོབ་ངེས་ཡིན་པའི་ཡིད་ཆེས་དང་། དཔའ་ངར་ཆེར་སྐྱེད་ཀྱི་བློ་སྟོབས། ཏན་ཏིག་གི་འབད་བརྩོན་བཅས་ལ་བརྟེན་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་བཅད་དེ་ཐུན་མོང་ཐོག་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ཆེད་གཞོལ་དགོས།