འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་29ཉིན།

༄༅།།ཕྱི་འབྲེལ་པུས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥུ་ཀ་ནི་སི་ཐན་སྲིད་གཞུང་དང་ཐ་ལེ་
པན་གྱིས་བཙོན་པ་གློད་འགྲོལ་དང་གཏུམ་སྤྱོད་ཉུང་གཏོང་གི་བྱ་སྤྱོད་སྤེལ་བར་
དགའ་བསུ་དང་བསྔགས་བརྗོད་བྱ་རྒྱུ་ཡིན།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་29ཉིན། 09:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་26ཉིན་གློག་འཕྲིན་འབྱོར་གསལ། གོང་ཚེས་ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥུ་ཀ་ནི་སི་ཐན་སྲིད་གཞུང་དང་ཐ་ལེ་པན་གྱིས་བཙོན་པ་གློད་འགྲོལ་དང་གཏུམ་སྤྱོད་ཉུང་གཏོང་གི་བྱ་སྤྱོད་སྤེལ་བར་དགའ་བསུ་ཞུ་རྒྱུ་དང་བསྔགས་བརྗོད་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
    དེ་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག གསར་འགོད་པ་ཞིག་གིས་དྲིས་དོན། གནས་ཚུལ་སྤེལ་བར་གཞིགས་ན། ཚེས་25ཉིན་ཨ་ཧྥུ་ཀ་ནི་སི་ཐན་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པས་ཨ་ཧྥུ་ཀ་ནི་སི་ཐན་སྲིད་གཞུང་གིས་དེ་ཉིན་ཐ་ལེ་པན་གྱི་བཙོན་པ་100གློད་འགྲོལ་བཏང་བ་དང་། ཉིན་རེར་བཙོན་པ་100རེ་གློད་འགྲོལ་བཏང་ནས་ཁྱོན་བསྡོམས་བཙོན་པ་2000ཙམ་གློད་འགྲོལ་གཏོང་རྩིས་ཡོད་པ་དང་། བྱ་སྤྱོད་དེ་ལས་མཐར་ཨ་ཧྥུ་ཀ་ནི་སི་ཐན་ལ་རྒྱུན་མཐུད་ཞི་བདེ་ཡོང་བར་སྐུལ་མ་ཐེབས་རྒྱུའི་རེ་བ་ཡོད་ཅེས་བརྗོད་ཡོད། གནས་ཚུལ་ཤེས་མཁན་གྱིས་ཨ་ཧྥུ་ཀ་ནི་སི་ཐན་དང་ཐ་ལེ་པན་གྱིས་དུས་ཡུན་ཉིན་3གྱི་སྨྱུང་གྲོལ་དུས་ཆེན་ལ་དམག་རྒྱག་མཚམས་བཞག་རྗེས་གཏུམ་སྤྱོད་ཀྱི་བྱ་སྤྱོད་ཉུང་དུ་གཏོང་རྒྱུར་མུ་མཐུད་གཞོལ་བ་དང་། དམག་རྒྱག་མཚམས་འཇོག་པའི་དུས་ཡུན་གཟའ་འཁོར་གཅིག་ནར་འགྱང་བྱ་རྒྱུ་རེད་འདུག་ཅེས་བརྗོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ།
    ཀྲའོ་ལི་ཅན་གྱིས། དམག་རྒྱག་མཚམས་འཇོག་པ་དང་གཏུམ་སྤྱོད་སྤེལ་མཚམས་འཇོག་པ་ནས་ཞི་བདེ་མངོན་འགྱུར་ཡོང་བ་བྱ་རྒྱུ་ནི་ཨ་ཧྥུ་ཀ་ནི་སི་ཐན་མི་དམངས་ཀྱི་རེ་འདུན་ཆེ་ཤོས་དེ་ཡིན་ལ་ས་ཁུལ་གྱི་རྒྱལ་ཁབ་དང་དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡོངས་ཁྱབ་ཀྱི་རེ་སྒུག་ཀྱང་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥུ་ཀ་ནི་སི་ཐན་སྲིད་གཞུང་དང་ཐ་ལེ་པན་གྱིས་བཙོན་པ་གློད་འགྲོལ་དང་གཏུམ་སྤྱོད་ཉུང་གཏོང་གྱི་བྱ་སྤྱོད་སྤེལ་བར་་དགའ་བསུ་ཞུ་རྒྱུ་དང་བསྔགས་བརྗོད་བྱ་རྒྱུ་ཡིན། དེས་ཨ་ཧྥུ་ཀ་ནི་སི་ཐན་བའི་ནང་ཁུལ་གྱི་གྲོས་མོལ་ལ་སྐུལ་འདེད་དང་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཞི་བདེ་བརྟན་ལྷིང་ལ་ཕན་ཐོགས་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཞི་བདེའི་འདུམ་འགྲིག་གི་འཕེལ་རིམ་ལ་སྐུལ་འདེད་གཏོང་ཆེད་མུ་མཐུད་རྒྱབ་སྐྱོར་དང་རོགས་རམ་བྱེད་འདོད་ཡོད་ཅེས་བརྗོད་པ་རེད།