འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་28ཉིན།

༄༅༎འཐུས་མི་དང་ཨུ་ཡོན་ཚོས་ལས་རིགས་སློབ་གསོ་མགྱོགས་ལམ་དུ་སྐྱོད་པར་སྐུལ་འདེད་ཇི་ལྟར་གཏོང་བ་དང་
སློབ་གསོའི་དྲང་གཞག་དང་སྤུས་ཚད་ལེགས་སུ་ཇི་ལྟར་གཏོང་བར་གླེང་མོལ་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་28ཉིན། 09:56】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་26ཉིན་གློག་འཕྲིན་འབྱོར་གསལ། འདི་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་དམངས་འཚོའི་དོ་ཁུར་དེ་བས་མངོན་ཡོད་ལ། དེའི་ཁྲོད་ཀྱི་ལས་རིགས་སློབ་གསོ་འཕེལ་རྒྱས་ཀྱི་བཀོད་སྒྲིག་ལ་འཐུས་མི་དང་ཨུ་ཡོན་ཚོས་གྲོས་བསྡུར་འཁྲུག་པོ་གནང་བ་རེད།
     རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཧྲན་ཏུང་ཞིང་ཆེན་ཏུང་དབྱིང་གྲོང་ཁྱེར་གྱི་ཧྲེ་ཀྲང་གཞོན་པ་ཧྥང་དབྱི་ཏུང་གིས། དངོས་གཞིའི་ཚན་ཁག་རིམ་པའི་ལས་རིགས་སློབ་གསོ་འཕེལ་རྒྱས་མགྱོགས་མྱུར་གཏོང་དགོས་པའི་གྲོས་འགོ་བཏོན་གནང་བ་རེད། ཁོང་གིས་རང་རྒྱལ་གྱི་མཐོ་རིམ་སློབ་གསོར“མཐོན་པོ་རི་ལ་མི་སླེབས། དམའ་པོ་ཐང་ལ་མི་དགའ”བའི་གནད་དོན་དང་། རིགས་པའི་གཞུང་ལུགས་རྣམ་པའི་ཞིབ་འཇུག་ཤེས་ལྡན་པ་གསོ་སྐྱོང་ཐད“ཆེད་ལས་དང་། རྩེ་གྲ། དམིགས་བསལ”བཅས་ཀྱི་སློབ་གསོའི་གཏིང་ཚད་མི་འདང་བ་དང་དེ་བཞིན་རྩལ་ནུས་རྣམ་པའི་ཉེར་སྤྱོད་ཤེས་ལྡན་པ་གསོ་སྦྱོང་བྱེད་པའི་ཐད་ལས་རིགས་སློབ་གསོའི་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་མི་འདང་བ་སོགས་ཀྱི་གནད་དོན་ཕྲད་ཡོད་ཅེས་གསུངས་པ་རེད།
     རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་པེ་ཅིང་དགེ་འོས་སློབ་ཆེན་ཀྲུང་གོ་སློབ་གསོ་སྲིད་ཇུས་ཞིབ་འཇུག་ཁང་གི་ལག་བསྟར་ཡོན་ཀྲང་ཀྲང་ཀྲེ་ཡུང་གིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བཏོན་པའི“དམིགས་བསལ་སློབ་གསོ་དང་རྒྱུན་མཐུད་སློབ་གསོ་ཡག་པོ་གཉེར་བ”དང“གསོ་སྦྱོང་ལ་བརྟེན་ནས་ལས་གནས་བརྟན་པོ་ཡོང་བར་མ་དངུལ་གྱིས་རོགས་སྐྱོར་བྱེད་པ”སོགས་ཀྱི་ནང་དོན་ལ་དོ་ཁུར་གནང་ཞིང་། ཁོང་གིས་འདི་ནི་རྒྱལ་ཁབ་ཀྱིས་ལས་ཞུགས་འགན་ལེན་དང་ལས་ཞུགས་མི་སྣའི་རྩལ་ནུས་མཐོ་རུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད་ལ། ལས་རིགས་སློབ་གསོ་དང་རྒྱུན་མཐུད་སློབ་གསོ་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། སློབ་གསོའི་གྲུབ་ཆ་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་གཏོང་བའི་ཐོབ་པར་དཀའ་བའི་གོ་སྐབས་ཤིག་ཀྱང་ཡིན་པའི་ངོས་འཛིན་གནང་བ་རེད།
     ཀྲང་ཀྲེ་ཡུང་གིས་ལས་རིགས་རྩལ་ནུས་མཐོར་གཏོང་དང་ལས་རིགས་སློབ་གསོར་སློབ་མ་བསྡུ་ཚད་མང་དུ་གཏོང་བ་དང་སྤུས་ཚད་ལེགས་སུ་གཏོང་བ་ནི་ལས་རིགས་སློབ་གསོ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་གོ་སྐབས་ཤིག་རེད། “རྒྱལ་ཁབ་ཀྱི་ཐོན་སློབ་ཟུང་འབྲེལ་གྱི་ཚོད་ལྟ་འཛུགས་སྐྲུན”ལག་བསྟར་བྱེད་པ་དེ་ནི་ལས་རིགས་སློབ་གསོའི་ཤེས་ལྡན་པ་གསོ་སྦྱོང་བྱེད་ཐབས་ཀྱི་སྒྱུར་བཅོས་ཟབ་ཏུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད་ཅེས་གསུངས་པ་རེད།
     ཧྥང་དབྱི་ཏུང་གིས་མིག་སྔའི་སློབ་གསོའི་གྲུབ་ཆ་ལེགས་སྒྲིག་གི་གནད་དོན་ཐད། སྡེབ་གཅིག་ལ་མཐོ་རིམ་ལས་རིགས་སློབ་གླིང་དང་སློབ་གྲྭ་གསར་པ་འབོར་ཆེན་འཛུགས་མི་རུང་། དེ་ལྟར་བྱས་ན་གཅིག་ནས་མ་གནས་མཐོ་བ་དང་ཕན་འབྲས་འགོར་བ་དང་། གཉིས་ནས་སློབ་མ་དང་ཁྱིམ་བདག་ལ་སྲོལ་རྒྱུན་གྱི་བསམ་བློའི་ཤུགས་རྐྱེན་ཆེ་བས་དབང་གིས་དུས་ཐུང་ནང་སློབ་མ་བསྡུ་བའི་ཐད་དཀའ་ངལ་མི་ཉུང་བ་ཞིག་འཕྲད་སྲིད་པ། གསུམ་ནས་གསར་དུ་བཙུགས་པའི་མཐོ་རིམ་ལས་རིགས་སློབ་གླིང་དང་སློབ་གྲྭའི་ཆེད་ལས་སློབ་ཚན་སྤྱི་ཚོགས་ཀྱི་དགོས་མཁོ་དང་འཚམ་དཀའ་བ་བཅས་ཀྱི་ངོས་འཛིན་གནང་བ་རེད།
     སློབ་གསོའི་སྤུས་ཚད་ལེགས་སུ་གཏོང་བའི་འགག་རྩ་དགེ་རྒན་ལ་ཐུག་ཡོད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་པེ་ཅིང་སློབ་འབྲིང་བཞི་པའི་སློབ་སྤྱི་མ་ཅིན་ལིན་གྱིས། གྲོང་གསེབ་ཀྱི་སློབ་གྲྭ་འབྲིང་ཆུང་དུ་དགེ་རྒན་དཀོན་པའི་གནད་དོན་ནི་ས་ཁུལ་དེ་དག་གི་སློབ་གསོ་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་བའི་འགག་རྩའི་གནད་དོན་ལ་གྱུར་ཡོད། གྲོང་གསེབ་ཀྱི་དགེ་རྒན་འཕེལ་རྒྱས་ཀྱི་དགོས་མཁོ་ཤེས་པར་བྱས་ནས། གྲོང་གསེབ་ཀྱི་དགེ་རྒན་ལས་རིགས་ལ་གསོན་ཤུགས་བསྣན་ཚེ། གཞི་ནས་གྲོང་གསེབ་ཀྱི་དགེ་རྒན་གྱི་སྤྱིའི་བྱང་ཚད་མཐོ་རུ་འགྲོ་ཐུབ་པ་མ་ཟད། གྲོང་གསེབ་ཀྱི་སློབ་གསོ་ཡུན་རིང་དང་རྒྱུན་མཐུད་འཕེལ་རྒྱས་འགྲོ་ཐུབ་ཅེས་གསུངས་པ་རེད།