འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་26ཉིན།

༄༅།།འཕེལ་རྒྱས་བརྟན་པོ་དང་། དམངས་འཚོ་འགན་ལེན། འཛམ་གླིང་ལ་ཕན་འདོགས་པ།

—— རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་བསྡུར་འཁྲུག་པོ་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་26ཉིན། 09:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    དངོས་སྒྲུབ་ཀྱི་བྱ་ཐབས་སྤྱད་དེ་དཔལ་འབྱོར་གྱི་གཞི་རྩ་བརྟན་པོ་ཡོང་ཐབས་བྱེད་དགོས།
    ཉིན་ཤས་བསྟུད་མར། ཕྱི་རྒྱལ་གྱི་ལས་རིགས་ཁག་གི་མི་སྣས་ཀྲུང་གོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་བསྡུར་འཁྲུག་པོ་བྱས་ཏེ་བརྟན་པོ་དང་། འཕེལ་རྒྱས། སྒོ་དབྱེ་བཅས་ཀྱི་ཀྲུང་གོའི་དཔལ་འབྱོར་གྱིས་རྒྱལ་ཁབ་ཕྱི་ནང་གི་མ་འཇོག་མཁན་གྱི་ཡིད་ཆེས་ཆེ་རུ་ནུས་ལྡན་གཏོང་ཐུབ་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་ཐུབ་པའི་ངོས་འཛིན་བྱས་ཡོད།
    འདི་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ལོ་འཁོར་གྱི་དཔལ་འབྱོར་འཕར་བའི་མྱུར་ཚད་ཀྱི་ཞིབ་ཕྲའི་དམིགས་ཚད་བཏོན་མེད། གང་ཡིན་ཞེ་ན། གོ་ལ་ཧྲིལ་པོའི་རིམས་ནད་དང་དཔལ་འབྱོར་ཚོང་དོན་གྱི་དུས་བབ་སྔར་བཞིན་ཁ་གསལ་མེད་པས་རང་རྒྱལ་གྱི་འཕེལ་རྒྱས་ལ་དཔོག་དཀའ་བའི་ཤུགས་རྐྱེན་ཐེབས་ཤུགས་ཁག་གཅིག་འཕྲད་ཡོད། སྙན་ཞུའི་ནང“འགན་ལེན་དྲུག”གི་མཐའ་ཚད་བསྲུངས་ཚེ། དཔལ་འབྱོར་གྱི་གཞི་རྩ་བརྟན་པོ་ཡོང་ཐུབ། འགན་ལེན་ལ་བརྟེན་ནས་བརྟན་ལྷིང་ལ་སྐུལ་འདེད་གཏོང་བ་དང་བརྟན་ཐོག་ཡར་འཕེལ་ཐུབ་ཚེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྨང་གཞི་བརྟན་དུ་གཏོང་ཐུབ་ཅེས་བསྟན་ཡོད།
    དབྱིན་ཇིའི་ཉིའུ་ཅིང་སློབ་ཆེན་གྱི་ལག་རྩལ་དང་དོ་དམ་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཧྥུའུ་ཞའོ་ལན་གྱིས། མིག་སྔའི་འཛམ་གླིང་གི་དཔལ་འབྱོར་ཁོར་ཡུག་འོག་གོ་ལ་ཧྲིལ་པོའི་རིམས་ནད་དང་རྒྱལ་སྤྱིའི་ཁྲོམ་རའི་དུས་བབ་ཁ་གསལ་མེད་པའི་མདུན་དུ་ཀྲུང་གོ་སྲིད་གཞུང་གིས་ལས་ཞུགས་བརྟན་པོ་དང་དམངས་འཚོ་འགན་ལེན་ཨང་དང་པོར་འཇོག་པ་དེ་ཐོག་ནས་ཀྲུང་གོ་སྲིད་གཞུང་གི་དངོས་ཐོག་བདེན་འཚོལ་གྱི་རྣམ་འགྱུར་མཚོན་ཡོད་པས་ཀྲུང་གོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་གོམ་པ་གལ་ཆེན་ཞིག་སྤོས་ཡོད་པའི་ངོས་འཛིན་བྱས་པ་རེད།
    མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོང་དོན་འཕེལ་རྒྱས་ཚོགས་འདུའི་དཔལ་འབྱོར་ལས་དོན་སྐོར་གྱི་དཔོན་རིགས་བསླབ་པ་རྒན་གྲས་ལེའང་གོ་ཡུང་གིས། དུས་བབ་ཁ་གསལ་མེད་པའི་མདུན་དུ་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་སྟངས་ཐད་འགྱུར་ལྡོག་གཏོང་བ་ནི་མིག་སྔའི་འཕྲལ་མཁོ་ཆེ་ཤོས་ཤིག་ཡིན། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ལས་ཞུགས་བརྟན་པོ་དང་། དམངས་འཚོ་འགན་ལེན། ཁྲོམ་རའི་བྱེད་པོའི་གསོན་ཤུགས་འཕེལ་བ། ནང་མཁོ་ཆེར་གཏོང་གི་འཐབ་ཇུས་ལག་བསྟར་བཅས་ནན་བཤད་བྱས་པ་དེས་དཔལ་འབྱོར་བརྟན་པོའི་ངང་འཁོར་རྒྱུག་བྱ་རྒྱུར་ཕན་པ་ཡོད་པའི་ངོས་འཛིན་བྱས་པ་རེད།
     ཧན་གོའི་ཁྲེང་ཅུན་ཀོན་སློབ་ཆེན་གྱི་ཁྲེང་ཅུན་ཀྲུང་གོ་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ལི་ཤིས་ཡུས་ཀྱིས། རིམས་ནད་ཀྱིས་ཀྲུང་གོས་དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་ཚད་མངོན་འགྱུར་བྱ་རྒྱུར་ཤུགས་རྐྱེན་བཟོ་མི་སྲིད། དབུལ་པོའི་གནད་དོན་ཐག་གཅོད་བྱེད་པའི་ཐད་ཀྲུང་གོ་སྲིད་གཞུང་གིས་སྤྱད་པའི་བྱ་ཐབས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པའི་ངོས་འཛིན་བྱས་པ་རེད།
    ལས་ཞུགས་བརྟན་པོ་དང་དམངས་འཚོ་འགན་ལེན་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་དགོས།
     སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། འདི་ལོ་སྔོན་ལ་ལས་ཞུགས་བརྟན་པོ་དང་དམངས་འཚོ་འགན་ལེན་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་བླངས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་ཚད་ལས་འགན་མངོན་འགྱུར་ཡོང་རྒྱུར་འབད་བརྩོན་ཧུར་ཐག་བྱེད་དགོས། གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་འཕར་ལས་ཞུགས་མི་ཁྲི་900ཡན་ཟིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་བརྟག་དཔྱད་བྱེད་ཚད་6%ཙམ་ཟིན་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་ཐོ་བཀོད་ལས་ཤོར་བྱེད་ཚད་5.5%ཙམ་ཟིན་པ། ད་ཡོད་ཀྱི་ཚད་གཞིའི་འོག་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཚང་མ་དབུལ་སྒྲོལ་དང་རྫོང་དབུལ་པོ་ཚང་མ་དབུལ་ཞྭ་འབུད་ཐུབ་པ་བྱེད་དགོས་ཞེས་བསྟན་ཡོད།
    དབྱིན་ཇིའི་གོང་མ་ཚང་གི་རྒྱལ་སྤྱིའི་ལས་དོན་ཞིབ་འཇུག་སུའོ་ཡི་མཐོ་རིམ་ཞིབ་འཇུག་པ་ཡུས་ཅེ་ཡིས། དམངས་འཚོའི་གནད་དོན་ནི་འདི་ལོའི་སྙན་སྒྲོན་ནང་གི་གལ་འགངས་ཆེ་ཤོས་དེ་ཡིན། དཔལ་འབྱོར་འཕེལ་རྒྱས་ལ་འཕྲད་པའི་འགྲན་སློང་ཆེ་རུ་སོང་ཡང་ཀྲུང་གོ་སྲིད་གཞུང་གི་དབུལ་ཕོངས་སེལ་བའི་ཁས་ལེན་ལ་རྩ་བ་ནས་འགྱུར་ལྡོག་ཕྱིན་མེད། “མི་སེར་ཚོ་འཚོ་བ་ཡག་པོ་ཞིག་སྐྱེལ་ཐུབ་པ་བྱ་རྒྱུ་ནི་ཀྲུང་གོ་སྲིད་གཞུང་གིས་མི་དམངས་ལ་བབ་ཆགས་ཤོས་དང་ནུས་ལྡན་གྱི་ཁས་ལེན་བྱས་པ་ཞིག་ཡིན”དེས་ཀྲུང་གོར་ཕན་ཐོགས་པ་མ་ཟད། ད་དུང་འཛམ་གླིང་ལའང་ཕན་ཐོགས་ཞེས་བརྗོད་པ་རེད།
     མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེའི་ལྷོ་ལྷོ་མཉམ་ལས་ཀྱི་དམིགས་བསལ་ཕོ་ཉ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྷོ་ལྷོ་མཉམ་ལས་གཞུང་དོན་ཁང་གི་ཀྲུའུ་རེན་གཅིག་ལྕོགས་ཧོར་ཧེ·ཆེ་ཏི་ཁེ་ཡིས། དབུལ་ཕོངས་སེལ་བ་དེ་ཀྲུང་གོའི་སྔོན་སྒྲུབ་ལས་འགན་ཡིན་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྔོན་སྒྲུབ་ལས་འགན་ཡང་ཡིན། ཀྲུང་གོས་དབུལ་ཕོངས་སེལ་བའི་ཐད་འཛམ་གླིང་དང་ལྷག་པར་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་མིག་དཔེ་ཡག་པོ་བསྟན་ཡོད་ཅེས་བརྗོད་པ་རེད།
     ཙམ་བབ་ཝེའི་ཨ་ཧྥེ་རི་ཁ་ལྷོ་རྒྱུད་ཞིབ་འཇུག་དང་ཚད་ལྡན་ཡིག་ཆ་ལྟེ་གནས་ཀྱི་ཞིབ་འཇུག་པ་ཐཱ་ན་ཁཱ·ཆི་ཐེ་སཱ་ཡིས། ཀྲུང་གོས་འཛམ་གླིང་གི་དབུལ་པོ་ཉུང་གཏོང་བྱ་གཞག་ལ་རྩ་ཆེའི་ཉམས་མྱོང་མཁོ་འདོན་བྱས་ཡོད་ལ་མིག་དཔེ་ཡང་བསྟན་ཡོད། ཀྲུང་གོ་སྲིད་གཞུང་གིས་མི་དམངས་ཀྱི་སྣེ་འཁྲིད་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་ཐུབ་ངེས་ཡིན་པའི་ངོས་འཛིན་ཡང་བྱས་ཡོད།
    ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།
     སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། ཕྱི་རོལ་གྱི་ཁོར་ཡུག་འགྱུར་ལྡོག་འགྲོ་བའི་གནས་ཚུལ་འོག་བློ་བརྟན་འགྱུར་མེད་ངང་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་ཐོན་ལས་འཁོར་སྦྲེལ་དང་མཁོ་སྤྲོད་འཁོར་སྦྲེལ་བརྟན་པོ་ཡོང་བ་བྱས་ཏེ་སྒོ་དབྱེའི་ཐོག་ནས་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད། སྙན་སྒྲོན་ནང་ད་དུང་ཕྱི་ཕྱོགས་ཚོང་དོན་གཞི་རྩའི་ཆ་ནས་བརྟན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། ཕྱི་ཕྱོགས་ཀྱི་མ་དངུལ་ཧུར་ཐག་སྤྱོད་པ། སྤུས་ཚད་མཐོ་པོའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་པ་བཅས་བྱས་ཏེ་ཚོང་དོན་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།
    ཨོ་སི་ཁྲུ་ལི་ཡའི་གཞུང་བཙུགས་སློབ་ཆེན་གྱི་ཨེ་ཤེ་ཡ་ཤར་མའི་དཔལ་འབྱོར་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་པེ་ཏེ·ཏེ་ལའེ་སི་ཏེར་གྱིས། བྱ་ཐབས་དེ་དག་གིས་ཚོང་དོན་འཕར་རྒྱུར་སྐུལ་འདེད་གཏོང་ཐུབ། ཀྲུང་གོས་སྒོ་དབྱེ་དྲང་གཞག་གི་ཁྲོམ་རའི་ཁོར་ཡུག་གཏོད་རྒྱུར་འབད་བརྩོན་བྱེད་པ་དེས་མ་འཇོག་མཁན་གྱི་ཡིད་ཆེས་ཆེ་རུ་གཏོང་བ་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོར་སྐུལ་འདེད་གཏོང་རྒྱུར་ཕན་པ་ཡོད་ཅེས་བརྗོད་པ་རེད།
    ཨེ་ཅིབ་ཀྱི་ཕྱི་འབྲེལ་ལས་དོན་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་ཤིས་ཧྲ་མུའུ·ཆི་མའེ་ཏི་ཡིས། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ནི་འཛམ་གླིང་ཡོངས་མཉམ་སྦྲེལ་མཉམ་མཐུད་ཀྱི་སྒུལ་ཤུགས་ཤིག་ཡིན་པ་དང་། གྲོས་འགོ་འདི་ལས་རིམ་པ་ཁག་གིས་མུ་མཐུད་ནུས་པ་དེ་བས་མང་པོ་བཏོན་ཏེ་གོ་ལ་ཧྲིལ་པོ་སྔར་བས་མཉམ་ལས་དམ་ཟབ་ཡོང་རྒྱུར་སྐུལ་འདེད་གཏོང་ཐུབ་པའི་ཡིད་ཆེས་ཡོད་ཅེས་བརྗོད་པ་རེད།
    ཧྥ་རན་སེའི་ཇུས་འདོན་ཚོགས་པའི་ཤིས་ལེ་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཧྥ་རན་སེའི《མཐུན་སྒྲིལ་གསར་པ》ཚགས་པར་གྱི་རྩོམ་སྒྲིག་པ་གཙོ་བོ་ཁེ་ལི་སི་ཏི་ན·པི་ཨེ་ཡིས། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བཏོན་པའི་ཞིབ་ཕྲའི་བྱེད་ཐབས་ནི་ཀྲུང་གོའི་དཔལ་འབྱོར་སླར་གསོ་ཡོང་བའི་འགན་ལེན་དང་། འཛམ་གླིང་དཔལ་འབྱོར་ལ་སེམས་རྣལ་རིལ་བུ་སྦྱིན་པ་ཞིག་རེད། “ཀྲུང་གོའི་དཔལ་འབྱོར་སླར་གསོ་དང་ཀྲུང་གོའི་ཁྲོམ་ར་ཆེན་པོ་ནི་འཛམ་གླིང་གི་དཔལ་འབྱོར་ཡར་རྒྱས་ཡོང་བ་བྱེད་པའི་སྒུལ་ཤུགས་ཤིག་ཡིན། ཀྲུང་གོ་འཕེལ་རྒྱས་ལས་འཛམ་གླིང་ལ་ཕན་ཐོགས་རྒྱུ་ཡིན་པའི”ངོས་འཛིན་བྱས་པ་རེད།