འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་25ཉིན།

༄༅༎སློབ་གསོ་པུས་བསྟན་དོན། ཐག་ཉེ་སར་སློབ་ཞུགས་ཐུབ་པའི་སྲིད་ཇུས་ལ་ཐོག་མཐའ་བར་གསུམ་དུ་
སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་ཡིན།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་25ཉིན། 09:38】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཚེས་19ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་སློབ་གསོ་ལྟ་སྐུལ་མཛུབ་ཁྲིད་ཨུ་ལྷན་གཞུང་དོན་ཁང་གི་ཀྲུའུ་རེན་སློབ་གསོ་པུའི་སློབ་གསོ་ལྟ་སྐུལ་མཛུབ་ཁྲིད་ཅུས་ཀྱི་ཅུས་ཀྲང་ཐན་ཙུའུ་དབྱིན་གྱིས། སློབ་གསོ་པུའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཐག་ཉེ་སར་སློབ་ཞུགས་ཐུབ་པའི་སྲིད་ཇུས་ལ་ཐོག་མཐའ་བར་གསུམ་དུ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།
     ཐན་ཙུའུ་དབྱིན་གྱིས“ཐག་ཉེ་སར་སློབ་ཞུགས་ཐུབ་པ་བྱེད་པའི་གནད་དོན་ཐད། སློབ་གསོ་པུའི་སྲིད་ཇུས་ལ་འགྱུར་ལྡོག་ཕྱིན་མེད་པར། ཐོག་མཐའ་བར་གསུམ་དུ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་ཡིན། ཚོགས་སྤྱི་མི་འདྲ་བ་དང་དགོས་མཁོ་མི་འདྲ་བའི་སྐོར་བརྗོད་ན་དེ་ནི་རྒྱུན་གཏན་གྱི་གནས་ཚུལ་ཞིག་རེད། ང་ཚོས་སློབ་གྲྭ་ཚད་ལྡན་ཅན་འཛུགས་སྐྲུན་དང་འོས་འགན་སློབ་གསོ་གཞི་རྩའི་ཆ་ནས་དོ་སྙོམས་དང་དེ་བཞིན་སྤུས་ལེགས་དོ་སྙོམས་ཡོང་བར་སྐུལ་འདེད་གཏོང་བཞིན་ཡོད། དེའི་འགོ་འཛུགས་ས་དང་དམིགས་ས་ནི་གནད་དོན་འདི་ཐག་གཅོད་བྱེད་རྒྱུ་དེ་རེད། གལ་ཏེ་ཚང་མ་དོ་སྙོམས་དང་སྤུས་ལེགས་བྱུང་ན། སློབ་གྲྭ་འདེམས་པའི་དགོས་པ་མེད་པས། ཁྱིམ་གྱི་འགྲམ་དུ་སློབ་གྲྭ་ག་རེ་ཡོད་ན་དེར་བསྐྱོད་ན་ཆོག”ཅེས་བརྗོད་པ་རེད།
     ཐན་ཙུའུ་དབྱིན་གྱིས། འོས་འགན་སློབ་གསོ་དོ་སྙོམས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དམིགས་ཡུལ་ནི་དོན་དངོས་ཐོག་སློབ་གྲྭ་ཚང་མ་ཚད་དང་མཐུན་པ་སྐྲུན་པ་དང་། ས་ཁུལ་ཚང་མའི་སློབ་གྲྭ་དོ་སྙོམས་ཡོང་བ་བྱེད་རྒྱུ་དེ་རེད། ཕྱོགས་ཡོངས་འཕེལ་རྒྱས་ཀྱི་འདུ་ཤེས་དེ་བས་མངོན་གསལ་དོད་པོ་ཡོང་བ་དང་། ཚད་ལྡན་ཅན་གྱི་སྐྲུན་ཚད་དེ་བས་མཐོ་རུ་གཏོང་བ། དགེ་རྒན་གྱི་དཔུང་ཁག་དེ་བས་སྟོབས་ཆེར་གཏོང་བ། མི་དམངས་མང་ཚོགས་དེ་བས་བློ་ཡིད་ཚིམ་པ་བཅས་བྱེད་དགོས་ཞེས་བརྗོད་པ་རེད།