འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་25ཉིན།

༄༅།།ཁྲལ་རིན་གཉིས་གཅོག་བྱེད་ཤུགས་ཆེ་རུ་བཏང་བ། འདི་ལོ་ཁེ་ལས་ཀྱི་ཁུར་པོ་ཡང་དུ་གཏོང་ཚད་སྒོར་
དུང་ཕྱུར་ཁྲི་2.5ལས་བརྒལ་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་25ཉིན། 09:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་22ཉིན་གློག་འཕྲིན་འབྱོར་གསལ། “སྔོན་དཔག་བྱས་ན། ལོ་ཧྲིལ་པོར་ཁེ་ལས་ཀྱི་ཁུར་པོ་ཡང་དུ་གཏོང་ཚད་སྒོར་དུང་ཕྱུར་ཁྲི་2.5ལས་བརྒལ་ཡོད” རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་ཞིབ་བྱ་རྒྱུར་ཕུལ་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། འདི་ལོ་ཁྲལ་རིན་གཉིས་གཅོག་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་དང་དུས་མཚམས་རང་བཞིན་གྱི་སྲིད་ཇུས་ལ་ཤུགས་སྣོན་བརྒྱབ་ནས་ལམ་ལུགས་རང་བཞིན་གྱི་བཀོད་སྒྲིག་དང་ཟུང་འབྲེལ་བྱས་ཏེ། ཁྲོམ་རའི་བྱེད་པོའི་འཕེལ་རྒྱས་དཀའ་བའི་གནད་དོན་ཐག་གཅོད་བྱེད་རོགས་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
    2019ལོར་རང་རྒྱལ་གྱི་ཁྲལ་རིན་གཉིས་གཅོག་བྱེད་ཚད་སྒོར་དུང་ཕྱུར་ཁྲི་2.36ཟིན་པ་དེ་སྔོན་གཏན་འཁེལ་བའི་དུང་ཕྱུར་སྒོར་ཁྲི་2ལས་བརྒལ་བ་དང་། བཟོ་སྐྲུན་ལས་རིགས་དང་ཕྲན་ཚེགས་ཁེ་ལས་ལ་ཕན་པ་ཆེ་ཤོས་ཐོབ་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ལེའོ་ཉིང་ལྔ་གཅིག་བརྒྱད་ཀྱི་ནང་འབར་འཕྲུལ་ཆས་ལྷུ་ལག་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་དབྱང་པིང་གིས་ན་ནིང་ཁེ་ལས་ཀྱི་ཁྲལ་དངུལ་སྒོར་ཁྲི་ཚོ་སྟོང་ཙམ་བཅག་པ་དང་། འདི་ལོ་བཏོན་པའི་ཁྲལ་རིན་གཉིས་གཅོག་སྲིད་ཇུས་ཀྱིས་ཁེ་ལས་ཀྱི་ཁུར་པོ་མུ་མཐུད་ཆུང་དུ་ཕྱིན་པ་མ་ཟད། ཁེ་ལས་ཀྱི་གསོན་ཤུགས་འཕེལ་བར་རོགས་རམ་ཐུབ་ཡོད་ཅེས་གསུངས་པ་རེད།
    འདི་ལོའི་ཁྲལ་རིན་གཉིས་གཅོག་ལས་དོན་ཇི་ལྟར་བྱས་ནས་སྤེལ་རྩིས་ཡོད་དམ། སྙན་སྒྲོན་ནང་བྱ་ཐབས་རབ་དང་རིམ་པ་བཏོན་པ་སྟེ། འདི་ལོ་གནས་ཐང་འཕར་ཁྲལ་གྱི་ཁྲལ་ཚད་དམའ་རུ་གཏོང་རྒྱུ་དང་ཁེ་ལས་ཀྱི་རྒན་གསོའི་འགན་བཅོལ་གྲོན་དངུལ་གྱི་ཁྲལ་ཚད་དམའ་རུ་གཏོང་བ་སོགས་ཀྱི་ལམ་ལུགས་ལག་བསྟར་བྱ་རྒྱུ་དང་། གསར་སྣོན་གྱི་ཁྲལ་རིན་གཉིས་གཅོག་སྒོར་དུང་ཕྱུར་5000ཙམ་ཟིན་པ། དུས་འགོར་བཏོན་པའི་ཟླ་བ་དྲུག་པའི་ཟླ་འགོར་དུས་བཀག་ཟིན་པའི་ཁྲལ་རིན་གཉིས་གཅོག་སྲིད་ཇུས་ནང་ཁེ་ལས་འབྲིང་ཆུང་གི་རྒན་གསོ་དང་། ལས་ཤོར། ལས་རྨས་བཅས་ཀྱི་འགན་བཅོལ་ཚན་པའི་རིན་པ་རྩ་ཆག་གཏོང་རྒྱུ་དང་། གཞི་ཁྱོན་ཆུང་བའི་ཁྲལ་འཇལ་བའི་གནས་ཐང་འཕར་ཁྲལ་རྩ་ཆག་གཏོང་རྒྱུ། སྤྱི་པའི་འགྲིམ་འགྲུལ་སྐྱེལ་འདྲེན་དང་། ཟ་ཁང་། མགྲོན་ཁང་། ཡུལ་སྐོར་རོལ་རྩེད། རིག་གནས་ལུས་རྩལ་སོགས་ཞབས་ཞུའི་གནས་ཐང་འཕར་ཁྲལ་རྩ་ཆག་གཏོང་རྒྱུ། དམངས་སྤྱོད་མཁའ་འགྲུལ་གྱི་འཕེལ་རྒྱས་ཐེབས་རྩ་དང་གྲུ་ཁའི་འཛུགས་སྐྲུན་གྲོན་དངུལ་རྩ་ཆག་གཏོང་རྒྱུ་ཡིན་པ་དང་། ལག་བསྟར་དུས་བཀག་འདི་ལོའི་ལོ་མཇུག་བར་ནར་འགྱངས་བྱ་རྒྱུ་ཡིན་པ་རེད། ཕྲན་ཚེགས་ཁེ་ལས་དང་ཁེར་རྐྱང་ཚོང་དུད་ཀྱི་ཐོབ་ཁྲལ་ཚང་མ་སང་ལོ་བར་ནར་འགྱངས་བྱ་རྒྱུ་ཡིན་པ་རེད།