འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་24ཉིན།

༄༅༎དྲ་ཐོག་དྲ་གཤམ་ནས་དམངས་ཀྱི་བསམ་འདུན་ཉན། བློ་གཅིག་སེམས་གཅིག་གིས་དམངས་ཀྱི་སེམས་ཁྲལ་སེལ།

—— རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དབྱང་རུང་གི་འགན་སྒྲུབ་སྐོར་བཀོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་24ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ལོ་49ལ་སླེབས་པའི་དབྱང་རུང་ནི་ཧྲན་ཤིས་ཞིང་ཆེན་ཐའེ་ཡོན་གྲོང་ཁྱེར་སྤྱི་བདེ་ཅུས་ཤིང་ཧྭ་ལིང་ཡན་ལག་ཅུས་སན་ཆའོ་མངགས་གཏོང་ཁང་གི་སུའོ་ཀྲང་གཞོན་པ་དང་ཅིང་ཀང་ལི་སྡེ་ཁུལ་གྱི་མི་དམངས་ཉེན་རྟོག་པ་གཅིག་ལྕོགས་རེད། ཅིན་ཀང་ལི་སྡེ་ཁུལ་ལ་ཁྱོན་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ0.24ཡོད་པ་དང་དུས་རབས་20པའི་ལོ་རབས་80པར་བསྐྲུན་པའི་སྒོ་དབྱེའི་རྣམ་པའི་སྡེ་ཁུལ་ཞིག་རེད། དེ་གར་བོགས་གཏོང་ཁང་པ་གཅིག་སྡུད་དང་མི་རྒྱུན་ཆེ་བས་ལས་དོན་སྒྲུབ་དཀའ་བ་དང་། དོ་དམ་བྱེད་དཀའ་བ། འགོག་ཟོན་བྱེད་དཀའ་བ་བཅས་ཀྱི“དཀའ་གནད་གསུམ”གྱི་ཁུལ་ཞེས་འབོད་ཀྱི་ཡོད་པ་རེད།
     དབྱང་རུང་1992ལོར་ལས་ཀར་ཞུགས་ཚུན། སྡེ་ཁུལ་གྱི་མི་དམངས་ཉེན་རྟོག་པའི་འགན་ཁུར་བཞིན་ཡོད། ཁོང་སྡེ་ཁུལ་དུ་གཞི་ཚུགས་ནས་གྲོང་མིའི་བྱ་བ་ཆུང་ཙག་ཚང་མ་དོན་ཆེན་ལ་བརྩིས་ནས་སྒྲུབ་ཀྱི་ཡོད། ཁོང་གི་འབད་བརྩོན་འོག་ཁོངས་གཏོགས་ཁུལ་གྱི་ཁུལ་ཆུང་མང་ཆེ་བར་ཉེན་དོན་གྱོད་གཞི་སྤྱིར་ན་ཐོན་མྱོང་མེད་པ་རེད།
     ཉེན་དོན་ཁང་དུ་དབྱང་རུང་གིས་ལག་ཐོགས་ཁ་པར་ནས“དབྱང་རུང་གི་སྦར་མཐིལ་ཉེན་དོན་ཁང”ཞེས་པའི་སྐད་འཕྲིན་ཁ་ཕྱེ་བ་དང་། “དབྱང་རུང་གི་སྦར་མཐིལ་ཉེན་དོན་ཁང”ལ་ཏང་འཛུགས་སྐྱོང་རིག་གནས་དང་། ཉེན་དོན་ལས་དོན། ཉེན་རྟོག་པ་དང་མང་ཚོགས་ཀྱི་ཁྱིམ་གཞིས། སྡེ་ཁུལ་གྱི་བརྡ་ཐོ། རང་འདེམས་ཐོ་བཀོད། སྒེར་གྱི་ཆ་འཕྲིན་སོགས་མང་པོ་ཡོད་པ་གསར་འགོད་པས་མཐོང་བྱུང་། འདི་ནི་2017ལོར་དབྱང་རུང་གིས་དྲ་སྦྲེལ་དང་ཉེན་རྟོག་ལས་དོན་ཟུང་འབྲེལ་བྱས་ནས་འཚོལ་ཞིབ་དང་གསར་གཏོད་བྱས་པ་ཞིག་རེད། མང་ཚོགས་ཚོས་སྐད་འཕྲིན་དེ་བརྒྱུད་ཉེན་རྟོག་ལས་དོན་ཤེས་རྟོགས་དང་ལག་ཁྱེར་གཉེར་བདེ་བ་མ་ཟད། གནད་དོན་གོང་ཞུ་དང་ཐབས་འདོན་ཇུས་འབུལ་བྱེད་ཐུབ་ཀྱི་ཡོད།
     ན་ནིང་མང་ཚོགས་མི་ཉུང་བ་ཞིག་གིས་ཁུལ་ཆུང་གི་གྲོང་མིའི་ཁང་པ་རྙིང་པ་ཁག་གཅིག་གི་ཐོག་སོ་དང་པོའི་གྱང་བཏོར་ནས་ཚོང་ཁང་བཙུགས་འདུག ཁང་པ་རྙིང་པ་དེ་དག་གི་གློག་སྐུད་དང་གདོང་ལམ་རྙིང་པ་ཡིན་པས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་མང་པོ་ཡོད་པས། འབྲེལ་ཡོད་སྡེ་ཚན་གྱིས་མཐོང་ཆེན་བྱེད་རོགས་ཞེས་བརྗོད་པར་དབྱང་རུང་དང་འཐུས་མི་ཁག་གཅིག་གིས་བརྟག་ཞིབ་བྱས་རྗེས། མང་ཚོགས་ཀྱི་བསམ་འཆར་འབྲེལ་ཡོད་སྡེ་ཚན་ལ་ཞུས་ཤིང་། ན་ནིང་ཐའེ་ཡོན་གྲོང་ཁྱེར་གྱི་ཁུལ་ཆུང་རྙིང་པའི་ཁང་པ་སྒྱུར་བཀོད་ཁྲོད་གནད་དོན་དེ་དག་རིམ་བཞིན་ཐག་གཅོད་བྱུང་ཡོད།
     “སྦར་མཐིལ་ཉེན་རྟོག་ལས་དོན་ཁང་དེ་དངོས་ཚན་ཉེན་རྟོག་ལས་དོན་ཁང་དང་འདྲ་བར་དེ་ནི་ཉེན་རྟོག་པ་དང་མང་ཚོགས་དབར་གྱི་འབྲེལ་ཟམ་ལྟ་བུ་ཞིག་ཡིན་པ་མ་ཟད། མི་སེར་གྱི་བསམ་འཆར་ཞུ་ཡུལ་དང་ཐབས་འདོན་ཇུས་འབུལ་གྱི་སྐར་ཁུང་དང་ལས་སྟེགས་ཤིག་ཀྱང་རེད”ཅེས་དབྱང་རུང་གིས་བཤད།
     དབྱང་རུང་གི་གྲོས་འགོ་དང་གྲོས་གཞི་མི་ཉུང་བ་ཞིག་ནི་རྒྱུན་གཏན་ལས་དོན་ནང་ཐོ་འགོད་བྱས་པ་ཤ་སྟག་རེད། འདི་ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཁོང་གིས་ཁྱིམ་ཚང་སློབ་གསོའི་ཁྲིམས་འཛུགས་དང་སྤྱི་ཚོགས་འབྲེལ་གཏུག་མཉེན་ཆས་བཅོས་སྐྱོང་སོགས་གནད་དོན་ལ་གཙོ་གནད་ཐོག་དོ་ཁུར་བྱ་རྒྱུ་རེད། “སྤྱི་ཚོགས་འབྲེལ་གཏུག་མཉེན་ཆས་སྤྱད་ནས་ན་སོ་དར་ལ་མ་བབས་པའི་མིར་གནོད་འཚེ་གཏོང་བའི་གྱོད་གཞི་ཡང་ཡང་ཐོན་གྱི་ཡོད། མ་གཞི་ང་ཚོས་རྟག་ཏུ་དྲིལ་བསྒྲགས་བྱས་ཀྱང་། མི་ཉུང་བ་ཞིག་ད་དུང་མགོ་སྐོར་འོག་ཚུད་ཀྱི་ཡོད། ཕྱོགས་ཁག་གི་སྟོབས་ཤུགས་བསྡུ་སྒྲིལ་བྱས་ནས། ལྟ་འདོམས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད”ཅེས་དབྱང་རུང་གིས་བཤད།