འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་24ཉིན།

༄༅༎ཨུ་ཡོན་ཧོང་ལི་ཡིས་གསུངས་དོན། ཚན་རྩལ་ལ་བརྟེན་ནས“ཕྱིས་སུ་ནགས་ཚལ་མེ་སྐྱོན་ཆེན་པོ་མི་ཐོན་པ”བྱེད་དགོས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་24ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ནགས་ཚལ་མེ་ཟོན་ཐད“སྔ་ཙམ་ཉེན་བརྡ་གཏོང་བ་དང་། སྔ་ཙམ་བྱ་སྤྱོད་སྤེལ་བ། སྔ་ཙམ་མེ་གསོད་པ”བཅས་བྱེད་དགོས་པའི་ནན་བཤད་བྱས་ཡོད། འོན་ཀྱང་ནགས་ཚལ་སྟུག་པོ་དེ་འདྲར་སྲོལ་རྒྱུན་གྱི་ཐབས་ལམ་བརྟེན་ན་དུས་ཐོག་ཏུ་མེ་སྐྱོན་འབྱུང་ཁུངས་ཤེས་རྟོགས་བྱེད་རྒྱུ་ཧ་ཅང་ཁག་པོ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཝུའུ་ཧན་ཀའོ་ཏེ་དམར་ཕྱིའི་འོད་ཐིག་མ་རྐང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་བཅས་ཡིན་པའི་ཧོང་ལི་ཡིས་ནགས་ཚལ་གྱི་མེ་སྐྱོན་སྔོན་འགོག་དང་མེ་གསོད་པའི་རིག་ནུས་ཀྱི་རྨང་གཞིའི་སྒྲིག་བཀོད་ཕྱོགས་ཡོངས་ནས་སྐྲུན་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།
     ནགས་ཚལ་སྣོད་བཅུད་ལ་ལྟ་སྐུལ་ཚོད་འཛིན་དྲ་རྒྱ་བཀོད་སྒྲིག་བྱས་ནས་མེ་སྐྱོན་ཐད“སྔ་ཙམ་ཉེན་བརྡ་གཏོང་བའི”འགན་ལེན་བྱེད་དགོས་ཤིང་། ཨུ་ཡོན་ཧོང་ལི་ཡིས“མིག་སྔར་རང་རྒྱལ་གྱི་ལྟ་ཞིབ་ཚད་ལེན་ལག་རྩལ་ཉིན་རེ་བཞིན་བྱང་ཆུབ་ཏུ་འགྲོ་བཞིན་ཡོད་པས་གནམ་གཤིས་དང་ཉིན་མཚན་གྱི་ཤུགས་རྐྱེན་ཕོག་གི་མེད། སྐད་ཅིག་ཏུ་ལྟ་ཞིབ་ཚད་ལེན་དང་དེ་བཞིན་ཁྱབ་རྒྱ་ཆེ་བ་སོགས་ཀྱི་ཁྱད་ཆོས་ལྡན་པས་དམིགས་སའི་རང་བཞིན་གྱི་ནགས་ཚལ་སྣོད་བཅུད་ལྟ་ཞིབ་ཚོད་འཛིན་མ་ལག་ཆ་ཚང་ཞིག་རྦད་དེ་བཀོད་སྒྲིག་བྱེད་ཐུབ་ཀྱི་ཡོད”ཅེས་གསུངས་པ་རེད།
     མེ་སྐྱོན་གནས་ཚུལ་ཤེས་རྟོགས་བྱུང་རྗེས་ད་དུང་ས་བབ་དང་འགྲིམ་འགྲུལ་སོགས་ཀྱི་དཀའ་ངལ་ཁྱད་བསད་བྱས་ནས་དུས་ཐོག་ཏུ་མེ་སྐྱོན་ཐོན་ཡུལ་དུ་སླེབས་ཐུབ་པ་བྱེད་དགོས། ཨུ་ཡོན་ཧོང་ལི་ཡིས་ཆ་ལག་ཚང་བའི་མི་མེད་མེ་གསོད་ཐད་འཕུར་གནམ་གྲུའི་མ་ལག་སྒྲིག་སྦྱོར་བྱེད་པ་དང་བྱང་སྐར་སྤུན་བདུན་མ་ལག་གི་ཞིབ་ཚགས་པའི་ངེས་གནས་ཕྱོགས་སྟོན་སྤྱད་དེ་ནུས་ཆེའི་མེ་གསོད་ཡོ་ཆས་ཟུང་འབྲེལ་བྱེད་པ་དང་དེ་བཞིན་ནགས་ཚལ་ཉེ་འགྲམ་གྱི་ཆུ་འགོ་ཁུལ་དུ་ཆུ་ཐོག་གི་མི་མེད་མེ་གསོད་འཕྲུལ་ཆས་བཀོད་སྒྲིག་བྱས་ཏེ་མཁའ་ཐོག་གཏོར་འགྲེམ་སོགས་ཀྱི་ཕྱོགས་བསྡུས་བྱ་ཐབས་མགྱོགས་མྱུར་སྤྱོད་ཐུབ་པ་བྱས་ནས་མེ་མགྱོགས་མྱུར་དང་རྦད་དེ་གསོད་ཐུབ་པ་དང་མེ་སྐྱོན“སྔ་ཙམ་གསོད་ཐུབ་པའི”འགན་ལེན་བྱེད་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།
     “ད་ཆ་རང་རྒྱལ་ལ‘ནགས་ཚལ་གྱི་མེ་སྐྱོན་སྔོན་འགོག་དང་མེ་གསོད་པའི་རིག་ནུས་ཀྱི་རྨང་གཞིའི་སྒྲིག་བཀོད’དེར་འདེགས་སྐྱོར་བྱེད་པའི་ནུས་པ་དང་སྟོབས་ཤུགས་རྦད་དེ་ཚང་ཡོད”སྒྲིག་ཆས་དེ་སྔོན་ལ་ཚོད་ལྟར་སྤྱད་དེ་ནགས་ཁུལ་དང་ནགས་ར་ཅུང་ཚགས་དམ་པ་དང་ནགས་ཚལ་གྱི་མེ་སྐྱོན་སྔོན་འགོག་གི་ལས་འགན་ཅུང་ལྕི་བའི་ནང་སོག་དང་སི་ཁྲོན་སོགས་སུ་སྔོན་ལ་བེད་སྤྱོད་བྱས་ཏེ། ཚན་རྩལ་གྱི་སྟོབས་ཤུགས་ལ་བརྟེན་ནས“མེ་སྐྱོན་གྱི་གནས་ཚུལ་ཚབས་ཆེན་གཅིག་ཀྱང་མེད་པ་དང་། འཆི་རྨས་ཀྱི་གནས་ཚུལ་ཚབས་ཆེན་གཅིག་ཀྱང་མེད་པ། གྱོང་གུན་ཚབས་ཆེན་ཕོག་པའི་གནས་ཚུལ་གཅིག་ཀྱང་མེད་པ”བཅས་མངོན་འགྱུར་ཡོང་བར་རམ་འདེགས་བྱེད་དགོས་ཞེས་ཨུ་ཡོན་ཧོང་ལི་ཡིས་གྲོས་འགོ་བཏོན་གནང་བ་རེད།