འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་24ཉིན།

༄༅༎ཐན་ཏེ་སའེ་ཡིས་བརྗོད་དོན། འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་གྱི་གྲོས་ཆོད་ལ་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡོད།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་24ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རི་ནེ་ཝ་ནས་གློག་འཕྲིན་འབྱོར་གསལ། ཚེས་20ཉིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏེ་སའེ་ཡིས། འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་སྐབས་73པའི་ཐོག་གྲོས་འཆམ་བྱུང་བའི་གྲོས་ཆོད་ནང་ཏོག་གསར་རིམས་ནད་ཁྱབ་ཆེར་འགྲོ་བར་འགོག་རྒོལ་བྱེད་པའི་ནང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འགག་རྩའི་ནུས་པ་བཏོན་པར་ནན་བཤད་བྱས་ཡོད། གྲོས་ཆོད་དེར་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡོད་ཅེས་བརྗོད་པ་རེད།
     ཉིན་དེའི་བརྙན་ལམ་གྱི་གསར་འགོད་པའི་ཚོགས་འདུའི་ཐོག་ཐན་ཏེ་སའེ་ཡིས། འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ཐོག་གྲོས་འཆམ་བྱུང་བའི་གྲོས་ཆོད་དེས་གོ་ལ་ཧྲིལ་པོའི་རིམས་འགོག་ཁྲོད་ངེས་པར་དུ་སྤྱོད་དགོས་པའི་འགག་རྩའི་བྱ་སྤྱོད་ཐད་ཁ་གསལ་བའི་ལམ་མཚོན་དཔེ་རིས་བཟོས་ཡོད་ལ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་དེའི་ཁོངས་མིའི་རྒྱལ་ཁབ་ཀྱི་ལས་འགན་ཁག་བགོས་ཀྱང་བྱས་ཡོད། དེས་མ་ཚད་རིམས་ནད་མཆེད་པ་ནས་བཟུང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཐོག་མཐའ་བར་གསུམ་དུ་འབོད་སྐུལ་བྱེད་པའི“སྲིད་གཞུང་ཡོངས”དང“སྤྱི་ཚོགས་ཡོངས”ཀྱི་ཕྱོགས་བསྡུས་རིམས་འགོག་བྱ་ཐབས་ལ་ཁས་ལེན་ཡང་བྱས་ཡོད། ཁོངས་མིའི་རྒྱལ་ཁབ་ཁག་གིས་འགོག་རྐྱེན་མཐའ་དག་མེད་པ་བཟོས་ནས་དམངས་ཚོགས་ལ་ཏོག་གསར་གློ་ཚད་བརྟག་དཔྱད་ཡོ་བྱད་དང་། བཅོས་ཐབས། རིམས་འགོག་སྨན་ཁབ་བཅས་རག་ཐུབ་པའི་ཁས་ལེན་བྱ་རྒྱུར་དགའ་བསུ་ཞུ་གི་ཡིན་ཞེས་བརྗོད་པ་རེད།
     ཁོང་གིས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གཙོ་ཁྲིད་བྱས་པ་དང་ཏོག་གསར་རིམས་ནད་སྨན་རྫས་དཔེ་བསྡུར་ཞིབ་འཇུག་ལ་སྤྱོད་པའི“མཐུན་སྒྲིལ་ཚོད་ལྟའི”རྣམ་གྲངས་ནང་རྒྱལ་ཁབ་17དང་སྨན་ཁང་320ཡི་ནད་པ་3000ཡོད་པ་དང་། ཏོག་གསར་རིམས་ནད་བརྟག་དཔྱད་ཡོ་བྱད་དང་། བཅོས་ཐབས། རིམས་འགོག་སྨན་ཁབ་བཅས་ཞིབ་བཟོ་དང་། ཐོན་སྐྱེད། ཆ་བགོས་བཅས་མགྱོགས་སུ་གཏོང་ཆེད། “ཏོག་གསར་གློ་ཚད་ལ་འགོག་རྒོལ་བྱེད་པའི་ཡོ་བྱད་ཐོབ་མགྱོགས་སུ་གཏོང་བ”ཞེས་པའི་རྒྱལ་སྤྱིའི་མཉམ་ལས་ཀྱི་གྲོས་འགོ་ཡང་ལག་བསྟར་བྱེད་འགོ་ཚུགས་ཡོད་ཅེས་བརྗོད་པ་རེད།
     ཐན་ཏེ་སའེ་ཡིས། རྒྱལ་ཁབ་ཁག་གི་སྲིད་གཞུང་གིས་སྐབས་འདིའི་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ཐོག་སོ་སོའི་རིམས་ནད་གཏན་འགོག་དང་། ཚེ་སྲོག་སྐྱོབ་པ། འཚོ་ཐབས་སླར་གསོ་སོགས་ཀྱི་དམིགས་ཚད་གཙོ་བོ་མདོར་བསྡུས་ནས་གླེང་ཡོད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཁོངས་མིའི་རྒྱལ་ཁབ་ཁག་གིས་མཁོ་སྤྲོད་འཁོར་སྦྲེལ་སྒོ་དབྱེ་རྒྱུན་འཁྱོངས་བྱས་ཏེ་སྨན་བཅོས་མཁོ་ཆས་དག་འཕྲོད་བསྟེན་ལས་དོན་པ་དང་ནད་པའི་ལག་ཏུ་འབྱོར་ཐུབ་པའི་འགན་ལེན་བྱ་རྒྱུར་རྒྱབ་སྐྱོར་བྱེད་བཞིན་ཡོད་ཅེས་བརྗོད་པ་རེད།