འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་23ཉིན།

༄༅།།མི་དམངས་ཀྱི་བདེ་ཐང་ལྟེ་བར་བཟུང་ནས་ནད་པའི་དགོས་མཁོ་སྟོན་ཕྱོགས་སུ་བྱས་པ།

—— རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལི་ཡན་གྱི་འགན་སྒྲུབ་སྐོར་བཀོད་པ། 

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་23ཉིན། 10:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་ཅི་ནན་ནས་ཟླ་5ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཉེ་དུས་ལི་ཡན་དང་འཕྲད་དུས་ཁོང་ཅི་ནན་མཐོ་གསར་ཁུལ་གྱི་ཕུགས་བསམ་ཁྱིམ་གཞིས་སྡེ་ཁུལ་དུ་ལས་དོན་པ་དང་མཉམ་དུ་རྒན་གསོའི་ཞབས་ཞུའི་ཐད་ཀྱི་གྲོང་མིའི་བསམ་འཆར་དང་གྲོས་འགྲོ་ཉན་བཞིན་འདུག
    ལི་ཡན་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཧྲན་ཏུང་ཆི་ལུའུ་སྨན་སྦྱོར་ཚོགས་པ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཙུང་ཚའེ་ཡིན་ཞིང་། སྡེ་ཁུལ་གཞིས་སྡོད་རྒན་གསོའི་ཞབས་ཞུའི་མ་ལག་གང་མགྱོགས་སྐྲུན་པར་དམིགས་རྒྱུ་དེ་ནི་ཁོང་གིས་འདི་ལོ་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་ཐོག་འདོན་པའི་གྲོས་འགོའི་གྲས་ཤིག་རེད།
   “མི་ཁག་གཅིག་གིས་ང་ལ་ཁྱེད་ཀྱིས་རྒན་གསོ་དང་འབྲེལ་བའི་གྲོས་འགོ་འདོན་དོན་གང་ཡིན། དེ་དང་ཁྱེད་གནས་སའི་སྨན་སྦྱོར་ལས་རིགས་འབྲེལ་བ་ཆེན་པོ་ཡོད་དམ་ཞེས་དྲིས་བྱུང་། ངས་ཁོ་ཚོར་ང་ལས་ཀ་བྱེད་སའི་སྨན་སྦྱོར་ལས་རིགས་ནི་མི་དམངས་མང་ཚོགས་ཀྱི་གཟུགས་གཞིའི་བདེ་ཐང་སྲུང་སྐྱོང་བྱེད་པ་དེ་ཡིན་པ་དང་། དེའི་མཐའ་མའི་དམིགས་ཡུལ་ནི་མི་ཚང་མ་བདེ་ཐང་ངང་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཆེད་རེད་ཅེས་ལན་བསློགས་པ་ཡིན”ཞེས་ལི་ཡན་གྱིས་གསུངས།
    གཞིས་སྡོད་རྒན་གསོའི་བྱ་གཞག་ལ་དོ་ཁུར་བྱེད་པ་ཕུད། ད་དུང་ལི་ཡན་གྱིས་ཁེ་ལས་ཀྱི་སྣེ་ཁྲིད་ནས་སྨན་རྫས་ཞིབ་བཟོའི་ལས་དོན་ཡག་པོ་ཧུར་ཐག་བསྒྲུབས་ཏེ། མི་སེར་དེ་བས་མང་བས་སྤུས་ཚད་ལེགས་པའི་སྨན་རྫས་སྤྱོད་ཐུབ་པ་དང་ཉོ་ཐུབ་པ་བྱས་ནས་ནད་པ་བདེ་ཐང་ཡོང་བ་དང་སྨན་རྫས་ཐོན་ལས་འཕེལ་རྒྱས་ཡོང་ཐབས་བྱེད་ཀྱི་ཡོད།