འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་23ཉིན།

༄༅།།ཡུལ་མི་དབུལ་པོའི་རྟེན་ས། ཕྱུག་འགྱུར་ལམ་སྣེ་འཁྲིད་མཁན།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་23ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཝང་ཡན་ཧྥུང་ཐོག་མར་མཐོང་སྐབས། ཁོང་གྲོང་ཚོ་ཨུ་ལྷན་གྱི་གྲོང་ཚོའི་ལས་བྱེད་པ་དང་མཉམ་དུ་ཚོགས་འདུ་འཚོགས་ནས་གྲོང་ཚོའི་ཉེ་འཁོར་ཆུ་མཛོད་ཀྱི་ལམ་དང་སྔོ་ཁེབས་ཇི་ལྟར་སྐྲུན་དགོས་པའི་སྐོར་ལ་གྲོས་བསྡུར་བྱེད་བཞིན་འདུག
    ཝང་ཡན་ཧྥུང་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་ཡིན་ལ། ཅི་ལིན་ཞིང་ཆེན་ཡུས་ཧྲུའུ་གྲོང་ཁྱེར་ཡུང་ཧྲེང་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་རེད། ཁོང་ནི་ངོ་ཚ་སྨིན་ལ་བཅོས་མིན་གྱི་རང་གཤིས་ལྡན་པའི་གྲོང་གསེབ་ཀྱི་བུད་མེད་ཅིག་རེད་འདུག ཁོང་སྐད་ཆ་ཤོད་པར་དེ་ཙམ་དགའ་པོ་མེད་ཀྱང་། སྐད་ཆའི་ནང་ཡིད་ཆེས་ཀྱིས་ཁེངས་ཡོད་ལ། གྲོང་གསེབ་ཀྱི་འབྱུང་འགྱུར་ལ་བཅངས་པའི་འདུན་པ་བཟང་པོ་ཞིག་ཀྱང་མངོན།
    ཡུང་ཧྲེང་གྲོང་ཚོ་ནི་དེ་སྔོན་ས་གནས་དེ་གར་སྐད་གྲགས་ཆོད་པའི་གྲོང་ཚོ་དབུལ་པོ་དང“རྗེས་ལུས་ཀྱི་གྲོང་ཚོ”ཞིག་རེད། ལོ་འགའི་སྔོན་དུ་ཝང་ཡན་ཧྥུང་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅིར་འདེམས་སྐབས། ཡུས་ཧྲུའུ་གྲོང་ཁྱེར་གྱིས་གྲོང་ཁྱེར་གྱི“རྗེས་ལུས་གྲོང་ཚོ”སྒྲིག་འཛུགས་བྱས་ཏེ་སྔོན་ཐོན་གྲོང་ཚོར་ལྟ་སྐོར་དང་སློབ་སྦྱོང་བྱེད་པར་ཁྲིད་པ་དང་། ལྟ་སྐོར་ཉིན་གཅིག་བྱས་པ་བརྒྱུད་ཝང་ཡན་ཧྥུང་ཡིད་སྨོན་སྐྱེ་ཞོར་དུ་ང་རྒྱལ་ཡང་སྐྱེས་ནས། ཁོང་གིས་ཡུལ་མིའི་སྣེ་ཁྲིད་དེ་འཚོ་བ་ཡག་པོ་ཞིག་སྐྱེལ་རྒྱུའི་སེམས་ཐག་བཅད།
    ཡུལ་མི་དབུལ་པོའི་དོན་དག་ཚང་མ་སེམས་ལ་བཞག་པས། ཡུན་རིང་མ་སོང་བར་ཝང་ཡན་ཧྥུང་ཡུལ་མིའི་སེམས་ཀྱི་རྟེན་སར་གྱུར།
   ལོ་འདི་དག་རིང་ཝང་ཡན་ཧྥུང་གིས་ཡུལ་མིའི་སྣེ་ཁྲིད་དེ་གསོ་ཚགས་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་དཔལ་འབྱོར་ལོ་ཏོག་བཏབ་པས། ཡུལ་མིའི་འཚོ་བ་བདེ་སྐྱིད་ལྡན་པར་གྱུར། འོན་ཀྱང་སེམས་ཁྲལ་གསར་པ་ཞིག་བྱུང་། ལོ་གཉིས་རིང་བ་གླང་གསོ་ཚགས་བྱས་པར་ཕན་འབྲས་བཟང་པོ་ཐོན་པར་བརྟེན། ཡུལ་མི་ཧོ་ཡུང་ཐའོ་ཡིས་བ་གླང་གསོ་ཚགས་ཀྱི་གཞི་ཁྱོན་ཆེ་རུ་གཏོང་རྩིས་ཡོད། འོན་ཀྱང་མ་དངུལ་མི་འདང་བའི་སེམས་ཁྲལ་བྱེད་སྐབས། ཝང་ཡན་ཧྥུང་ཧོ་ཡུང་ཐའོ་ཡི་ཁྱིམ་དུ་འཚམས་འདྲི་བྱེད་པར་སླེབས། ཧོ་ཡུང་ཐའོ་ཡིས་རང་ཉིད་ཀྱི་དཀའ་ངལ་བཤད་པས། ཝང་ཡན་ཧྥུང་གིས་དངུལ་ཁང་ནས་དངུལ་བུན་གཡར་རྒྱུའི་ཐབས་ཤེས་གཏོང་རོགས་བྱ་ཆོག་ཅེས་བཤད།
     རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བྱས་པའི་ལོ་འདི་དག་གི་རིང་། ཝང་ཡན་ཧྥུང་གིས་དུས་རྒྱུན་ནས་ཡུལ་མིའི་བསམ་ཚུལ་དང་དཀའ་ངལ་ཆེད་མངགས་ཟིན་བྲིས་བརྒྱབ་སྟེ་བརྟག་དཔྱད་ཞིབ་འཇུག་གི་ལས་དོན་ཡག་པོ་སྒྲུབ་ཀྱི་ཡོད། ཝང་ཡན་ཧྥུང་གིས་གྲོང་གསེབ་ཀྱི་ལས་བྱེད་པ་ལོ་ན་མཐོ་བར་བརྟེན། འབྱུང་འགྱུར་གྲོང་གསེབ་དར་རྒྱས་གཏོང་བར་ན་གཞོན་དེ་བས་མང་བ་རང་ཡུལ་དུ་ལོག་པར་བློ་འགུགས་དགོས་པ་ཤེས། དེར་བརྟེན་ཝང་ཡན་ཧྥུང་གིས་གནས་ཚུལ་དེ་རིགས་འདི་ལོའི་ཚོགས་འདུ་གཉིས་ལ་འདོན་པའི་གྲོས་འགོའི་ནང་བྲིས་ཡོད།
    ཝང་ཡན་ཧྥུང་གིས“ཡུལ་མི་ཚོ་དབུལ་སྒྲོལ་བྱུང་རྗེས། འཕེལ་རྒྱས་བཏང་བའི་ཐོན་ལས་ལ་བརྟེན་ནས་ཡོང་འབབ་གང་འདྲ་བྱས་ཏེ་མུ་མཐུད་གསོག་དགོས་པ་དང་། ཡུལ་མི་དབུལ་པོར་རང་ལོག་མི་ཡོང་བའི་འགན་ལེན་ཇི་ལྟར་བྱེད་དགོས་པ་སོགས་ལ་དཀའ་ངལ་མང་པོ་འཕྲད་སྲིད་པས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་གི་ངོས་ནས་རང་ཉིད་ཀྱིས་གནད་དོན་དེ་དག་ལ་བརྟག་དཔྱད་དང་ཞིབ་འཇུག་ཡག་པོ་བྱེད་ཀྱི་ཡིན”ཞེས་བརྗོད།