འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་22ཉིན།

༄༅།།མི་དམངས་ཀྱི་སྙིང་གཏམ་པེ་ཅིང་དུ་འཁྱེར་རྒྱུ་ཡིན།

—— རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཅི་ཁེ་ཧྲི་ཝུའུ་ཡི་སྐོར་བཀོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་22ཉིན། 10:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    2020ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་འཚོག་ཉེའི་མཚམས་སུ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སི་ཁྲོན་ཞིང་ཆེན་ལེང་ཧྲན་དབྱིས་རིགས་རང་སྐྱོང་ཀྲོའུ་ཀྲའོ་ཅུའེ་རྫོང་ཆིང་ཧེང་གྲོང་ཚོའི་ཏང་ཀྲི་པུའི་ཧུའུ་ཅི་ཅི་ཁེ་ཧྲི་ཝུའུ་བྲེལ་བརྩོན་ཆེན་པོ་ཡོད། ཚེས་16ཉིན་གྱི་ཞོགས་པ་སྔ་པོར་ཅི་ཁེ་ཧྲི་ཝུའུ་ཡིས་གྲོང་ཚོ་ཡོངས་ཀྱི་བུད་མེད་སྒྲིག་འཛུགས་བྱས་ཏེ་ཤང་འཕྲོད་བསྟེན་ཁང་དུ་བདེ་ཐང་བརྟག་དཔྱད་གནང་བ་དང་། ཕྱི་དྲོ་གྲོང་ཚོ་དང་དུད་ཚང་དུ་ཕེབས་ནས་ས་གནས་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་གྲོང་མིའི་བསམ་འཆར་གསན་ཡོད། “གྲོས་འགོ་འཐུས་སྒོ་ཚང་དུ་བཏང་ནས་ཚང་མའི་སྙིང་གཏམ་པེ་ཅིང་དུ་འཁྱེར་རྒྱུ་ཡིན”ཞེས་ཅི་ཁེ་ཧྲི་ཝུའུ་ཡིས་བརྗོད།
    ཆིང་ཧེང་གྲོང་ཚོར་ས་བབ་མཐོ་ཚད་སྨི་1700ལྷག་ཙམ་ཡོད་པ་དང་། དེ་སྔོན་ལེང་ཧྲན་ཆེ་མོའི་དབུས་རྒྱུད་ཀྱི་ཤིན་ཏུ་དབུལ་པོའི་གྲོང་ཚོ་ཞིག་རེད། ལེ་པོ་རྫོང་ནས་ཆིང་ཧེང་གྲོང་ཚོར་མནའ་མར་ཡོང་བའི་ཅི་ཁེ་ཧྲི་ཝུའུ་ཡིས་ཆིང་ཧེང་གྲོང་ཚོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞིའི་འགན་བཞེས་མྱོང་ཡོད་པ་དང་། ལས་ཀའི་གྲུབ་འབྲས་གཟེངས་སུ་ཐོན་པར་བརྟེན་གྲོང་མི་ཚོས་གྲོང་ཚོའི་ཀྲི་པུའི་ཧྲུའུ་ཅིར་བདམས་པས། དུས་དེ་ནས་བཟུང་མང་ཚོགས་ཀྱི་སྣེ་ཁྲིད་དེ་དབུལ་སྒྲོལ་ཕྱུག་འགྱུར་བྱེད་པའི་འགན་འཁྲི་ལྕི་པོ་ཕྲག་ཐོག་ཏུ་ཁུར་བ་རེད། ཁོང་གིས་གྲོང་ཚོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་གཏོང་བར་ཞུགས་པ་དང་དཔང་པོ་གནང་བ་སྟེ། མང་ཚོགས་ནད་བལྟ་བར་འཕྲོད་བསྟེན་ཁང་ཡོད་པ་དང་། ཞིང་ལས་དངུལ་ཁང་དང་གྲོང་གསེབ་ཚོང་ལས་དངུལ་ཁང་གི་མི་སྣ་གྲོང་ཚོར་ཡོང་སྟེ་ཡུལ་མི་ཚོར་དངུལ་བུན་གཡར་བ། ད་དུང་གྲོང་ཚོའི་ནང་དབྱིས་སྐད་དང་རྒྱ་སྐད་ཀྱི་སྐད་གཉིས་བུ་བཅོལ་ཁང་སློབ་གསོའི་ས་ཚིགས་བསྐྲུན་ཡོད་པ་རེད།
    2018ལོར་ཆིང་ཧེང་གྲོང་ཚོ་ཧྲིལ་པོ་དབུལ་ཞྭ་ཕུད་པ་དང་། ཅི་ཁེ་ཧྲི་ཝུའུ་ཡང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་བདམས་ཐོན་བྱུང་ཡོད། ན་ནིང་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་འཚོགས་རིང་ཁོང་གིས“ལེང་ཧྲན་གྱི་འགྲིམ་འགྲུལ་འཛུགས་སྐྲུན་རིམ་སྤོར་བྱེད་དགོས་པ”སོགས་ཀྱི་གྲོས་འགོ་བཏོན་པར་འབྲེལ་ཡོད་སྡེ་ཚན་གྱིས་དོ་ཁུར་བྱས་ཡོད། འདི་ལོ་ཁོང་གིས་འོས་འགན་སློབ་གསོ་དོ་སྙོམས་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། ས་ཁུལ་དབུལ་པོའི་ཐོན་ལས་རྒྱ་སྟོབས་ཆེ་རུ་བཏང་ནས་དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས་པ་སོགས་ཀྱི་གྲོས་འགོ་འདོན་རྩིས་ཡོད་པ་རེད།
    ཅི་ཁེ་ཧྲི་ཝུའུ་ཉེ་འཁོར་གྱི་ཤང་ལྟེ་བའི་སློབ་གྲྭ་དང་ཀྲའོ་ཅུའེ་རྫོང་གྲོང་ཁུལ་གྱི་སློབ་འབྲིང་དང་སློབ་ཆུང་ཁག་གཅིག་ལ་འཚམས་འདྲིར་ཕེབས་སྐབས། དགེ་རྒན་ཁ་ཐང་བ་དང་འཛིན་གྲྭ་རེར་སློབ་ཕྲུག་ཚད་ལས་བརྒལ་བའི་མངོན་གསལ་དོད་པའི་སྣང་ཚུལ་ཤེས་རྟོགས་བྱུང་ཡོད། དཔེར་ན། ཤང་ལྟེ་བའི་སློབ་གྲྭར་ཆ་སྙོམས་འཛིན་གྲྭ་རེར་སློབ་ཕྲུག་དྲུག་ཅུ་བདུན་ཅུ་ཡོད་པ་དང་། གྲོང་ཁུལ་གྱི་སློབ་ཆུང་ཁག་གཅིག་ལ་ཆ་སྙོམས་འཛིན་གྲྭ་རེར་སློབ་མ་90ཙམ་ཡོད་པ་མ་ཟད། དགེ་རྒན་གྱི་ཁ་གྲངས་དང་སྤུས་ཚད་ཀྱིས་སློབ་མའི་དགོས་མཁོ་སྐོང་ཐུབ་ཀྱི་མེད་པ་རེད།
    “ཕྲུ་གུ་ནི་ལེང་ཧྲན་གྱི་མ་འོངས་ཡིན་པས། མི་རིགས་ས་ཁུལ་གྱི་སློབ་གཉེར་ཆ་རྐྱེན་ལེགས་སུ་གཏོང་བ་དང་དུས་མཚུངས། དགེ་རྒན་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དཔེར་ན། ས་ཁུལ་དབུལ་པོའི་དགེ་རྒན་གྱི་གཟི་བརྗིད་མཚན་སྙན་གྱི་ལམ་ལུགས་འཛུགས་པ་སོགས་བྱས་ཏེ། དགེ་རྒན་གྱི་ལས་གནས་ཀྱི་ཡིད་དབང་འགུག་ཤུགས་ཆེ་རུ་གཏོང་བ་དང་། ཕུལ་བྱུང་དགེ་རྒན‘གདན་ཞུ་བྱེད་མི་ཐུབ་པ་དང་། གཞིས་ཆགས་མི་ཐུབ་པའི’དཀའ་གནད་སེལ་བའི་རེ་བ་ཡོད”ཅེས་ཅི་ཁེ་ཧྲི་ཝུའུ་ཡིས་བརྗོད་ཅིང་། ཁོང་གིས་མི་རིགས་ས་ཁུལ་གྱི་ཕྲུ་གུ་སློབ་གྲྭ་ཡག་པོ་འགྲིམས་ཐུབ་པ་བྱས་ནས་ཤེས་བྱ་སྦྱངས་ཏེ་རི་ཁུག་ནས་དོན་ཐུབ་པ་དང་། “མི་གཅིག་དཔེ་ཀློག་ལས་ཞུགས་བྱས་ནས་ཁྱིམ་ཚང་ཧྲིལ་པོ་དབུལ་སྒྲོལ་ཐུབ་པའི”ལེང་ཧྲན་ཆེ་མོའི་འོད་སྟོང་འབར་བའི་འབྱུང་འགྱུར་གཏོད་རྒྱུ་ཡིན་ཞེས་བརྗོད་པ་རེད།