འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་22ཉིན།

༄༅།།“བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་ནི་ངའི་འབད་འཐབ་ཀྱི་ཁ་ཕྱོགས་ཡིན”

—— རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཕུང་ཅིང་གི་འགན་སྒྲུབ་སྐོར་བཀོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་22ཉིན། 10:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འགན་འཁྲི་འཁུར་ནས་ལོ་8སོང་རིང་། བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་ནི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཕུང་ཅིང་གིས་ལོ་ལྟར་དོ་ཁུར་བྱ་ཡུལ་གཙོ་བོ་ཞིག་རེད།
    2012ལོར་ཕུང་ཅིང་གིས་ཁྲུང་ཆིང་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་བུད་མེད་ཁྲིམས་རྩོད་མཐུན་ཚོགས་དང་མཉམ་དུ“ཁྲུང་ཆིང་གི་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་གི་ཁྲིམས་རྩོད་ཚོགས་པ”བཙུགས་པ་མ་ཟད། ཚོགས་གཙོའི་འགན་ཡང་འཁུར་བ་རེད། གདན་ཞུ་བྱས་པའི་ཁྲིམས་རྩོད་པ་15ཁོངས་མི་དང་པོར་གྱུར་པ་དང་རིན་པ་མི་ལེན་པར་རོགས་རམ་བྱ་ཡུལ་བུད་མེད་དང་བྱིས་པར་ཁྲིམས་སྐྱོང་དྲིལ་བསྒྲགས་དང་། ཆེད་ལས་ཇུས་འདྲི། བཅའ་ཁྲིམས་རོགས་སྐྱོར་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་ཀྱི་ཡོད། ལོ་8རིང་། དང་བླངས་པའི་ཁྲིམས་རྩོད་པ་དེ་བས་མང་བ་བསྟུད་མར་ཚོགས་པ་དེར་ཞུགས་ནས། དབང་ཆར་བཙན་གནོད་ཕོག་པའི་བུད་མེད་དབུལ་པོར“གཅིག་གཏད་གཅིག”གི་བཅའ་ཁྲིམས་རོགས་རམ་དང་། རིན་མེད་ངང་བཅའ་ཁྲིམས་ཀྱི་ཞུ་གཏུག་ཚབ་གཉེར། ཁྱིམ་ཚང་གི་འགལ་ཟླ་ཐག་གཅོད། ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས་དང་བླངས་པ་དང་མཉམ་ལས་བཅས་བྱས་ཤིང་། ད་ཆ་ཞབས་ཞུ་ཚོགས་པར་ཁོངས་མི་400ལྷག་ཙམ་ཡོད་པ་དེ་དག་ཁྲུང་ཆིང་གི་ཆུས་དང་རྫོང་20ལྷག་ཙམ་ལ་བསྐྱོད་མྱོང་ཡོད།
    མི་རིང་བའི་གོང་དུ། ས་ཁུལ་ལ་ལར་ཁྱིམ་ཚང་གི་གཏུམ་སྤྱོད་དོན་རྐྱེན་ཐོན་པར་སྤྱི་ཚོགས་ཀྱིས་དོ་ཁུར་རྒྱ་ཁྱབ་བྱས་ཡོད། གནད་དོན་དེར་དམིགས་ནས་ཕུང་ཅིང་གིས་ཆེད་མངགས་བརྟག་ཞིབ་བྱས་ཏེ་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་ཁྲིམས་ཁང་སོགས་སུ་བསྐྱོད་པ་མ་ཟད། གནད་དོན་དེར་ཡུན་རིང་དོ་ཁུར་བྱེད་མཁན་མི་སྣ་དང་བཞུགས་མོལ་སྤེལ་རེས་བྱས་ཏེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྱིམ་ཚང་གཏུམ་སྤྱོད་འགོག་པའི་བཅའ་ཁྲིམས》ལག་བསྟར་གནས་ཚུལ་ཤེས་རྟོགས་ཀྱང་གནང་བ་རེད། བརྟག་ཞིབ་གནང་སྐབས། ཁོང་གིས་བཅའ་ཁྲིམས་དེ་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་ཁྱིམ་ཚང་གཏུམ་སྤྱོད་གཏན་འཁེལ་བྱེད་དཀའ་བ་དང་། དཔང་པོ་བྱེད་དཀའ་བ། མི་ལུས་བདེ་འཇགས་སྲུང་སྐྱོང་གི་བཀའ་རྒྱ་ལག་ལེན་བསྟར་དཀའ་བ་སོགས་ཀྱི་དཀའ་གནད་མང་པོ་ཡོད་པ་ཤེས་རྟོགས་བྱུང་ཡོད།
    དེར་བརྟེན་ཁོང་གིས་འདི་ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྱིམ་ཚང་གཏུམ་སྤྱོད་འགོག་པའི་བཅའ་ཁྲིམས》ལག་བསྟར་ལ་སྐུལ་འདེད་གཏོང་བ་དང་གནོད་འཚེ་ཕོག་མཁན་གྱི་ཁེ་དབང་འགན་ལེན་ལ་ཤུགས་སྣོན་རྒྱག་རྒྱུའི་གྲོས་གཞི་བཏོན་ནས། རྒྱལ་ཁབ་འབྲེལ་ཡོད་ཕྱོགས་ཀྱིས་ཁྱིམ་ཚང་གཏུམ་སྤྱོད་འགོག་པའི་བཅའ་ཁྲིམས་ལམ་ལུགས་ཀྱི་ནང་དོན་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་བ་དང་། སྒྲིག་གཞིའི་དབར་གྱི་སྣ་མང་མཉམ་ལས་ལམ་སྲོལ་འཛུགས་རྒྱུར་ཁྲིད་སྟོན། ཁྱིམ་ཚང་གཏུམ་སྤྱོད་ཀྱི་ཆེད་དོན་རོགས་སྐྱོབ་སྒྲིག་གཞི་དང་ཆ་འཕྲིན་མཁོ་འདོན་སྟེགས་བུ་འཛུགས་པ་བཅས་བྱས་ཏེ་ཁྲིམས་སྐྱོང་ལ་བརྟེན་ནས་ཁྱིམ་ཚང་གི་གཏུམ་སྤྱོད་འགོག་པའི་ནུས་པ་འདོན་སྤེལ་བྱ་རྒྱུའི་གྲོས་འགོ་འདོན་རྒྱུ་རེད།
    ཕུང་ཅིང་གིས“བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་ནི། ངའི་འབད་འཐབ་ཀྱི་ཁ་ཕྱོགས་ཡིན། འདི་ལོ་གྲོས་གཞི་15འདོན་རྩིས་ཡོད། ད་ཆ་བཟོ་བཅོས་མཐའ་མ་དེ་རྒྱག་བཞིན་ཡོད”ཅེས་བརྗོད།