འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་22ཉིན།

༄༅།།ཕྱི་འབྲེལ་པུས་གསལ་བསྒྲགས་སྤེལ་དོན། ཐའེ་དབན་དང་འབྲེལ་བ་ཡོད་པའི་ཨ་རི་ཕྱོགས་ཀྱི་བྱེད་
སྤྱོད་ལ་ཁོང་ཁྲོ་ཆེན་པོས་རྒོལ་གཏམ་དྲག་པོ་གཏོང་གི་ཡིན།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་22ཉིན། 09:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཚེས་20ཉིན། ཐའེ་དབན་དང་འབྲེལ་བ་ཡོད་པའི་ཨ་རི་ཕྱོགས་ཀྱི་བྱེད་སྤྱོད་ལ་ཕྱི་འབྲེལ་པུས་གསལ་བསྒྲགས་སྤེལ་བ་རེད། གསལ་བསྒྲགས་ཀྱི་ནང་དོན་ཆ་ཚང་གཤམ་གསལ།
    ཟླ་5ཚེས་20ཉིན། ཨ་རིའི་རྒྱལ་དོན་བློན་ཆེན་ཕུང་ཕེ་ཨའོ་ཡིས་གསལ་བསྒྲགས་སྤེལ་ནས་ཐའེ་དབན་ས་ཁུལ་གྱི་འགོ་ཁྲིད་པ་ཚའེ་དབྱིང་ཝུན་གྱིས་ལས་འགན་འཁུར་པར་རྟེན་འབྲེལ་ཞུས་པ་དང་འབྲེལ། ཁོ་མོར“ཙུང་ཐུང”ཞེས་འབོད་ནས་ཨ་རི་དང་ཐའེ་དབན་དབར“རོགས་ཟླའི་འབྲེལ་བ”ཡིན་པ་འུད་བསྟོད་བྱས་ཡོད། ཨ་རི་སྲིད་གཞུང་གི་དཔོན་རིགས་ཁག་གཅིག་དང་ཨ་རིའི་སྲིད་ཚོང་བ་ཁག་གཅིག་གིས་ཚའེ་དབྱིང་ཝུན་ལ་བརྙན་ཐུང་གི་ཤིས་ཚིག་བཏང་བ་རེད། གོང་གསལ་ཨ་རི་ཕྱོགས་ཀྱི་བྱེད་སྤྱོད་དེས་ཀྲུང་གོ་གཅིག་གི་རྩ་དོན་དང་ཀྲུང་ཨའི་མཉམ་འབྲེལ་སྤྱི་བསྒྲགས་ཁག་གསུམ་གྱི་གཏན་འབེབས་ལས་ཚབས་ཆེན་འགལ་ཡོད་ལ། ཀྲུང་གོའི་ནང་སྲིད་ལའང་ཐེ་ཇུས་ཚབས་ཆེན་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་ཁོང་ཁྲོ་ཆེན་པོ་བྱེད་པ་དང་རྒོལ་གཏམ་དྲག་པོ་གཏོང་རྒྱུ་ཡིན།
    འཛམ་གླིང་ཐོག་ཀྲུང་གོ་གཅིག་རང་ལས་མེད། ཐའེ་དབན་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན། 《ཀྲུང་ཨ་ཕྱི་འབྲེལ་བཙུགས་པའི་སྤྱི་བསྒྲགས》ནང་། ཨ་རིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་ནི་ཀྲུང་གོའི་ཁྲིམས་མཐུན་སྲིད་གཞུང་འབའ་ཞིག་དེ་ཡིན་པ་ཁས་ལེན་བྱེད་པ་དང་། ཁྱབ་ཁོངས་དེའི་ནང་ཨ་རིའི་མི་དམངས་ཀྱིས་ཐའེ་དབན་མི་དམངས་དབར་རིག་གནས་དང་། ཚོང་དོན། གཞུང་ཕྱོགས་མིན་པའི་འབྲེལ་བ་གཞན་དག་བཅས་ཙམ་ལས་རྒྱུན་འཁྱོངས་བྱེད་ཀྱི་མིན་ཞེས་གཏན་འབེབས་གསལ་པོ་བྱས་ཡོད། ཨ་རི་ཕྱོགས་ཀྱི་གོང་གསལ་གཏམ་སྤྱོད་དེས་ཀྲུང་གོ་གཅིག་གི་རྩ་དོན་དང་ཀྲུང་ཨའི་མཉམ་འབྲེལ་སྤྱི་བསྒྲགས་ཁག་གསུམ་གྱི་གཏན་འབེབས་ལས་ཚབས་ཆེན་འགལ་བ་དང་། ཨ་རི་སྲིད་གཞུང་རང་ཉིད་ཀྱིས་ཁས་བླངས་པ་དག་ལ་འཛེམས་བག་མེད་པར་རྒྱབ་འགལ་བྱས་པ། “ཐའེ་དབན་རང་བཙན”གྱི་ཁ་ཕྲལ་ཕྱོགས་གཏོགས་ལ་ནོར་འཁྲུལ་གྱི་བརྡ་རྟགས་བཏང་བ། ཐའེ་དབན་མཚོ་འགག་གི་ཞི་བདེ་བརྟན་ལྷིང་དང་ཀྲུང་ཨའི་འབྲེལ་བར་གནོད་སྐྱོན་ཚབས་ཆེན་བཏང་ཡོད།
    ཐའེ་དབན་གྱི་གནད་དོན་དེ་ཀྲུང་གོའི་བདག་དབང་དང་མངའ་ཁོངས་ཆ་ཚང་དང་འབྲེལ་བ་ཡོད་ལ། ཀྲུང་གོའི་སྲོག་ཤིང་གི་ཁེ་ཕན་དང་ཡང་འབྲེལ་བ་ཡོད། ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས“ཐའེ་དབན་རང་བཙན”གྱི་ཁ་ཕྲལ་བྱེད་སྤྱོད་ལ་ངོ་རྒོལ་བྱེད་པ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱེད་པའི་ཆོད་སེམས་སྲ་བརྟན་འགྱུར་མེད་ཡིན་པ་དང་། ཕྱི་རོལ་གྱི་ཕྱོགས་གཏོགས་གང་རུང་གིས་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་པར་ངོ་རྒོལ་བྱེད་པའི་ཆོད་སེམས་སྲ་བརྟན་འགྱུར་མེད་ཡིན་པ། ངོགས་གཉིས་གཅིག་གྱུར་མངོན་འགྱུར་ཡོང་བ་བྱེད་པའི་ཆོད་སེམས་སྲ་བརྟན་འགྱུར་མེད་བཅས་ཡིན། “ཐའེ་དབན་རང་བཙན”ནི་ཕུང་རྒྱུ་ཉག་ཅིག་རེད། “ཐའེ་དབན་རང་བཙན”རྒྱ་ཡན་དུ་གཏོང་བ་དང་རྒྱབ་སྐྱོར་བྱེད་པ་ནི་ཕམ་ངེས་རེད་ཅེས་ང་ཚོས་ཨ་རི་ཕྱོགས་ལ་ནན་ཏན་གྱི་སྒོ་ནས་བརྗོད་རྒྱུ་ཡིན། ཀྲུང་གོའི་སྲོག་ཤིང་གི་ཁེ་ཕན་ལ་གནོད་འཚེ་བཏང་བ་དང་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་པའི་བྱ་ངན་སྤྱོད་ངན་གང་རུང་ཚང་མར་ཀྲུང་གོ་ཕྱོགས་ཀྱིས་རྒོལ་ལན་དྲག་པོ་སློག་རྒྱུ་ཡིན། ཀྲུང་གོ་གཅིག་གྱུར་ཡོང་བའི་ལོ་རྒྱུས་ཀྱི་རླབས་རྒྱུན་སུ་ཞིག་གིས་ཀྱང་འགོག་མི་ཐུབ། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ལ་འཕྲལ་མར་ནོར་འཁྲུལ་ཡོ་བསྲང་བྱས་ཏེ་ཀྲུང་གོ་གཅིག་གི་རྩ་དོན་དང་ཀྲུང་ཨའི་མཉམ་འབྲེལ་སྤྱི་བསྒྲགས་ཁག་གསུམ་གྱི་གཏན་འབེབས་དམ་སྲུང་བྱས་ནས་ཨ་རི་དང་ཐའེ་དབན་གྱི་གཞུང་ཕྱོགས་དབར་འགྲོ་འོང་བྱེད་པ་དང་ཐའེ་དབན་དབར་གྱི་དངོས་གཞིའི་འབྲེལ་བ་ཟབ་ཏུ་གཏོང་བའི་བྱེད་སྤྱོད་སྤེལ་མཚམས་འཇོག་པ་དང་། ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་པ། ཐའེ་དབན་མཚོ་འགག་གི་ཞི་བདེ་བརྟན་ལྷིང་དང་ཀྲུང་ཨའི་འབྲེལ་བར་གནོད་པའི་གཏམ་སྤྱོད་གང་རུང་སྤེལ་མཚམས་འཇོག་རྒྱུའི་སྐུལ་མ་གཏོང་རྒྱུ་ཡིན།
     གོང་གསལ་ཨ་རི་ཕྱོགས་ཀྱི་ནོར་འཁྲུལ་གྱི་བྱེད་སྤྱོད་ལ་ཀྲུང་གོ་ཕྱོགས་ཀྱིས་དགོས་ངེས་ཀྱི་ཁ་གཏད་གཅོག་པའི་བྱ་ཐབས་སྤྱོད་རྒྱུ་ཡིན་པས་དེ་ལས་བྱུང་བའི་མཇུག་འབྲས་དག་ཨ་རི་ཕྱོགས་ཀྱིས་འགན་འཁུར་དགོས།