འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་21ཉིན།

༄༅༎སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་དེ་རིང་ཕྱི་དྲོའི་ཆུ་ཚོད་གསུམ་པར་འགོ་ཚུགས་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་21ཉིན། 11:53】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་ཟླ་5ཚེས་21ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གསུམ་པར་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་རྒྱུ་རེད།
     འགོ་ཚུགས་ཚོགས་འདུའི་ཐོག་ཚོགས་ཞུགས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་དང་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན་གསན་རྒྱུ་དང་གྲོས་ཞིབ་གནང་རྒྱུ་རེད།
     ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་འགོ་ཚུགས་ཚོགས་འདུའི་ཐོག་དབང་དབྱང་གིས་གནང་བའི་རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་ཐད་གཏོང་བྱ་རྒྱུ་དང་། ཤིན་ཧྭ་དྲ་བས་འགོ་ཚུགས་ཚོགས་འདུའི་པར་རིས་དང་ཡིག་རིགས་ཐད་གཏོང་བྱ་རྒྱུ་ཡིན་པ་རེད།
     ཚེས་21ཉིན་གྱི་ཕྱི་དྲོ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་འཐུས་མི་ཚོགས་པ་ཁག་གིས་ཚོགས་འདུ་འཚོགས་ནས་ཚོགས་གཙོ་དང་ཚོགས་གཙོ་གཞོན་པ་མིང་བཏོན་འདེམས་བསྐོ་བྱ་རྒྱུ་དང་། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཆེའི་མཚན་ཐོའི་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུ། ཚོགས་ཆེན་གྱི་གྲོས་རིམ་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུ་བཅས་རེད། ཚེས་21ཉིན་གྱི་དགོང་མོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པས་གྲ་སྒྲིག་ཚོགས་འདུ་འཚོགས་ནས། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཆེ་འདེམས་བསྐོ་བྱ་རྒྱུ་དང་། ཚོགས་འདུའི་གྲོས་རིམ་འཆར་ཟིན་ལ་བརྡས་ཐག་གཅོད་རྒྱུ་རེད། གྲ་སྒྲིག་ཚོགས་འདུ་འཚོགས་རྗེས་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པས་ཚོགས་འདུ་ཐེངས་དང་པོ་འཚོགས་རྒྱུ་རེད། ཆུ་ཚོད་21དང་སྐར་མ་40ཡི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་ཚོགས་ཆེན་གྱི་མགྲིན་ཚབ་པས་ཚོགས་ཆེན་གྱི་གྲོས་རིམ་དང་མི་དམངས་འཐུས་ཚོགས་ལས་དོན་གྱི་འབྲེལ་ཡོད་གནད་དོན་ཐད་ཀྲུང་ཕྱིའི་གསར་འགོད་པའི་དྲི་བར་ལན་བསྐྱོན་རྒྱུ་རེད། རིམས་ནད་སྔོན་འགོག་དང་ཚོད་འཛིན་ནུས་ལྡན་བྱས་ནས་ཐུན་མོང་ཐོག་སྤྱི་པའི་འཕྲོད་བསྟེན་དང་བདེ་ཐང་སྲུང་སྐྱོང་བྱ་ཆེད། གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་དྲ་རྒྱའི་བརྙན་ལམ་གྱི་རྣམ་པའི་ཐོག་ནས་སྤེལ་རྒྱུ་རེད།