འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་21ཉིན།

༄༅།།ཨར་ཅི་རི་ཡར་སྐྱོད་མཁན་ཀྲུང་གོའི་རིམས་འགོག་སྨན་བཅོས་ཚོགས་ཆུང་གིས་ཀྲུང་གོའི་
མ་འཇོག་ཁེ་ལས་ཀྱི་རིམས་འགོག་ལ་མཛུབ་ཁྲིད་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་21ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཐུ་ནི་སི་ནས་གློག་འཕྲིན་འབྱོར་གསལ། ཨར་ཅི་རི་ཡ་ནས་གནས་ཚུལ་སྤེལ་གསལ། ཉེ་ཆར། ཨར་ཅི་རི་ཡར་བསྐྱོད་མཁན་ཀྲུང་གོའི་རིམས་འགོག་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་ལས་གྲྭ་ཚོགས་པ་ཨར་ཅི་ཨར་པ་ལ་ཅིའི་ལུས་རྩལ་ཐང་གི་རྣམ་གྲངས་ལས་ཡུལ་དུ་བསྐྱོད་དེ་ཀྲུང་གོ་དང་ཨར་ཅི་རི་ཡའི་ལས་མིར་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་མཛུབ་ཁྲིད་བྱས་པ་རེད།
    རིགས་གཅིག་མཁས་ཅན་ཚོགས་ཆུང་གི་ཁོངས་མིས་ལས་ཡུལ་དངོས་དང་། གཞུང་ལས་སྒྲུབ་ཁུལ། འཚོ་བའི་ཁུལ་བཅས་ལ་ལྟ་ཞིབ་བྱས་པ་དང་། རྣམ་གྲངས་ཀྱི་གནས་ཚུལ་དངོས་ཤེས་རྟོགས་བྱས་པ་དང་སྦྲགས་ཨར་ཅི་རི་ཡའི་རིམས་ནད་ཀྱི་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་ཁག་དབྱེ་དང་ཆེད་ལས་དབྱེ་ནས་རྣམ་གྲངས་ལས་མིའི་འཐུས་མི་60ལྷག་ཙམ་ལ་ལས་ཡུལ་དངོས་སུ་གསོ་སྦྱོང་བྱས་པ་རེད།
      རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་རྣམ་གྲངས་ཀྱི་ད་ཡོད་འགོག་སྲུང་བྱེད་ཐབས་ལ་ཞིབ་དཔྱད་བྱས་པ་དང་སྦྲགས་དོགས་ཡོད་ནད་དཔེར་ཇི་ལྟར་བྱས་ནས་སྨན་བཅོས་བྱེད་དགོས་མིན་དང་། ཇི་ལྟར་བྱས་ནས་ལོགས་འཇོག་བྱེད་དགོས་མིན་སོགས་ཀྱི་གནད་དོན་ལ་ལན་ཞིབ་ཕྲ་བརྒྱབ་པ་རེད། ཁོང་ཚོས་ད་དུང་རིམས་ནད་རིག་པའི་ཟུར་ཚད་ཀྱི་ཐོག་ནས་ལས་མིའི་སེམས་ཁམས་ལ་ཟུར་ཁྲིད་བྱས་ཏེ་ཚང་མས་ཡང་དག་པའི་སེམས་ཁམས་ཀྱི་ཐོག་ནས་རིམས་ནད་འགོག་པ་དང་ཆབས་ཅིག་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཡོང་བར་བྱས་ཡོད། རིགས་གཅིག་མཁས་ཅན་ཚོགས་ཆུང་ཁྲོད་ཀྱི་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྨན་བཅོས་རིགས་གཅིག་མཁས་ཅན་5ཡིས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་བྱེད་ཐབས་ཏེ། ཁ་རས་རྒྱག་སྟངས་དང་ལག་པ་འཁྲུ་སྟངས་སོགས་བསླབ་པ་རེད།