འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་19ཉིན།

༄༅༎རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལག་རྩལ་ཇུས་གཞི་བཏོན་ནས་སློབ་གྲྭ་
ཕྱོགས་ཡོངས་ནས་སློབ་འགོ་བསྐྱར་འཛུགས་དང་སློབ་ཚན་སླར་གསོ་ཐུབ་རྒྱུར་མཛུབ་ཁྲིད་བྱ་རྒྱུ་ཡིན་ཞེས་བརྗོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་19ཉིན། 09:27】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་17ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནད་ཡམས་སྔོན་འགོག་ཚོད་འཛིན་ཅུས་ཀྱི་ལྟ་ཞིབ་ཆེད་མི་ཝང་པིང་གིས་ཚེས་17ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་སློབ་གསོ་པུས་ཆེད་ཚན་སློབ་གྲྭ་ཆེ་མོ་དང་། སློབ་གྲྭ་འབྲིང་ཆུང་། བུ་བཅོལ་ཁང་གི་སྒྲིག་གཞི་བཅས་ཚུད་པའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལག་རྩལ་ཇུས་གཞི་མཉམ་འབྲེལ་ཐོག་བཏོན་ཏེ་སློབ་གྲྭ་ཕྱོགས་ཡོངས་ནས་སློབ་འགོ་བསྐྱར་འཛུགས་དང་སློབ་ཚན་སླར་གསོ་ཐུབ་རྒྱུར་མཛུབ་ཁྲིད་བྱ་རྒྱུ་རེད་ཅེས་བརྗོད་པ་རེད།
     ཝང་པིང་གིས་བརྗོད་དོན། སློབ་གྲྭ་སློབ་འགོ་བསྐྱར་འཛུགས་དང་སློབ་ཚན་སླར་གསོ་བྱེད་པའི་བརྒྱུད་རིམ་ནང་དང་ཐོག་མཉམ་ལས་ལམ་སྲོལ་བཙུགས་ནས་སྔོན་འགོག་དང་ཚོད་འཛིན་གྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ་ཡིན་ཞིང་། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་དང་སློབ་གསོ་སྡེ་ཚན་དང་། ལྷག་པར་དུ་སློབ་གྲྭས་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ“གནས་ཀྱིས་གནས”ཀྱི་མཉམ་ལས་ལམ་སྲོལ་ཆགས་པར་བྱས་ནས་སློབ་གྲྭས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་ཇུས་གཞི་བཟོ་བ་དང་། སློབ་གྲྭའི་འཕྲལ་སྡོམ་ཐག་གཅོད་སྔོན་ཇུས་དང་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་ལམ་ལུགས་རབ་དང་རིམ་པ་འཛུགས་པར་མཛུབ་ཁྲིད་བྱས་ཏེ་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱ་རྒྱུ་ཡིན།
     དེ་དང་མཚུངས་སུ་སློབ་གྲྭས་དགེ་སློབ་གཉིས་ཀར་བདེ་ཐང་ལྟ་ཞིབ་ཚད་ལེན་བྱས་ཏེ་མི་སྣ་དོ་དམ་དང་ཚོད་འཛིན་ཡག་པོ་བྱེད་དགོས་པ་དང་། ལྷག་པར་དུ་འཛིན་གྲྭའི་སྔ་དྲོ་དང་ཉིན་དགུང་གི་གཟུགས་གཞིའི་བརྟག་དཔྱད་ལམ་ལུགས་ཡག་པོ་བཟོས་ཏེ་ཉིན་རེའི་སྔ་དྲོ་དང་ཕྱི་དྲོར་སློབ་མའི་སློབ་ཚན་ཆད་པའི་ཐོ་ཡག་པོ་བཀོད་ནས་སློབ་མར་ནད་རྟགས་ཡོད་མེད་བརྟག་དཔྱད་བྱེད་དགོས་པ་དཔེར་ན་ཚ་བ་བལྟས་ནས་བྱིས་པ་ཚོར་དོགས་ཡོད་ཀྱི་ནད་རྟགས་ཡོད་མེད་ལྟ་དགོས་པ་དང་། སློབ་ཚན་ཆད་པའི་སློབ་མའི་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་ནད་རྟགས་ཡོད་པའི་བྱིས་པ་སློབ་ཚན་འཚོག་རྒྱུ་གཏན་འགོག་བྱེད་དགོས། སློབ་གྲྭས་སློབ་འགོ་བསྐྱར་འཛུགས་དང་སློབ་ཚན་སླར་གསོའི་བརྒྱུད་རིམ་ཁྲོད་འདུ་འཛོམས་རང་བཞིན་གྱི་བྱེད་སྒོ་དང་སློབ་གྲྭའི་ནང་གི་མི་སྣ་འདུ་འཛོམས་བྱེད་ཚད་ཚོད་འཛིན་བྱས་ཏེ་བྱིས་པའི་དབར་བདེ་འཇགས་ཀྱི་འགོག་སྲུང་བར་ཐག་འཇོག་དགོས།
     གཞན་ཡང་། སློབ་གྲྭའི་ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པ་དང་། ལྷག་པར་དུ་སློབ་ཁང་དང་། ཟ་ཁང་། ཉལ་ཁང་། གསང་སྤྱོད། འཁྲུད་ཁང་བཅས་ཀྱི་ཁོར་ཡུག་འཕྲོད་བསྟེན་ལ་ཤུགས་སྣོན་རྒྱག་དགོས་ཤིང་། གནས་དེ་དག་ལ་གཙང་སྦྲ་གཙོ་བོ་བྱེད་པ་དང་སྔོན་འགོག་རང་བཞིན་གྱི་དུག་སེལ་ཞོར་དུ་བྱེད་དགོས་པ་དང་། སློབ་ཁང་དང་གཞུང་ལས་ཁང་གི་སྒེའུ་ཁུང་ཕྱེ་ནས་རླུང་འགྲོར་ཤུགས་སྣོན་རྒྱག་པ། དགེ་སློབ་ཚང་མར་འཕྲོད་བསྟེན་གྱི་གོམས་གཤིས་ཡག་པོ་འཇགས་པར་ཁྲིད་སྟོན་བཅས་བྱེད་དགོས་པ་དང་། ལྷག་པར་དུ་བྱིས་པ་ཚོའི་ལག་པའི་གཙང་སྦྲར་དོ་སྣང་བྱས་ནས་ལག་པའི་གཙང་སྦྲ་རྒྱུན་འཁྱོངས་ཀྱིས་བྱིས་པ་ཚོར་ནད་འགོ་བའི་གོ་སྐབས་ཉུང་དུ་གཏོང་དགོས།
     “སློབ་གྲྭའི་འཕྲལ་སྒྲུབ་ཐག་གཅོད་ཡག་པོ་བྱས་ནས་སློབ་གྲྭའི་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་དཔྱད་ལ་ཤུགས་སྣོན་རྒྱག་དགོས་པ་དང་། དགེ་སློབ་ལ་དོགས་ཡོད་ཀྱི་ནད་རྟགས་ཐོན་ཚེ་ཕྱོགས་གཅིག་ནས་འཕྲལ་མར་སློབ་གྲྭར་སྙན་སེང་ཞུ་དགོས་པ་དང་། ཕྱོགས་གཞན་ཞིག་ནས་དུས་ཐོག་ཏུ་འཕྲོད་བསྟེན་སྡེ་ཚན་ལ་བརྡ་ཁྱབ་གཏོང་བ་དང་འཕྲལ་དུ་ཁྱིམ་དུ་ལོགས་སུ་བཞག་ནས་གསོ་རིག་གི་བརྟག་དཔྱད་བྱེད་པའམ་ཡང་ན་སྨན་བཅོས་བྱས་ཏེ་གསོ་རིག་གི་གྲལ་བཤེར་ཞིབ་ཚགས་བྱེད་པ་དང་། དོགས་ཡོད་ནད་དཔེ་ཤེས་ཚེ་སློབ་གྲྭས་འཕྲལ་མར་འཕྲལ་སྡོམ་ཇུས་གཞི་ལྟར་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་སྤྱོད་དགོས”ཞེས་ཝང་པིང་གིས་བརྗོད།