འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་19ཉིན།

༄༅༎ན་ནིང་སླར་སྐྱེ་ཆོག་པའི་ནུས་རྒྱུའི་གློག་ཤུགས་སྤྱོད་ཚད་ཀྱིས་སྤྱི་ཚོགས་ཧྲིལ་པོའི་གློག་སྤྱོད་ཚད་ཀྱི་27.5%བཟུང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་19ཉིན། 09:25】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་17ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས་ཉེ་དུས་ཁྱབ་བསྒྲགས་བྱས་པའི《2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་སླར་སྐྱེ་ཆོག་པའི་ནུས་རྒྱུའི་གློག་ཤུགས་འཕེལ་རྒྱས་ལྟ་ཞིབ་ཚད་ལེན་གྱི་གདེང་འཇོག་སྙན་ཞུ》ལས་མངོན་གསལ། 2019ལོར་ཆུ་གློག་ཚུད་པའི་སླར་སྐྱེ་ཆོག་པའི་ནུས་རྒྱུའི་གློག་ཤུགས་ཚང་མའི་དངོས་སུ་གློག་སྤྱོད་ཚད་ཆན་ཝ་ཆུ་ཚོད་19938ཟིན་ནས་སྤྱི་ཚོགས་ཧྲིལ་པོའི་གློག་སྤྱོད་ཚད་ཀྱི་27.5%བཟུང་བ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་1འཕར་ཡོད་པ་རེད། གློག་སྤྱོད་ཚད་དེ་གློག་མང་ཤོས་སྤྱོད་པའི་ཞིང་ཆེན་ཀོང་ཏུང་གི་2019ལོའི་སྤྱི་ཚོགས་ཧྲིལ་པོའི་གློག་སྤྱོད་ཚད་ཀྱི་ལྡབ་3ཙམ་ཡིན་པ་རེད།
     སླར་སྐྱེ་ཆོག་པའི་ནུས་རྒྱུའི་གློག་ཤུགས་སྤྱོད་ཚད་ཀྱིས་སྤྱི་ཚོགས་ཧྲིལ་པོའི་གློག་སྤྱོད་ཚད་ལས་བཟུང་བའི་བསྡུར་གྲངས་ནས་བལྟས་ཚེ། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་8ཀྱིས་བསྡུར་གྲངས་བཟུང་ཚད་40%ལྷག་ཙམ་ཟིན་ཡོད་པ་ལས། བོད་དང་། ཡུན་ནན། མཚོ་སྔོན། སི་ཁྲོན་བཅས་ཀྱིས་བསྡུར་གྲངས་བཟུང་ཚད་80%ལྷག་ཙམ་ཟིན་ཡོད། བསྡུར་གྲངས་ཀྱི་འཕར་ཚད་ནས་བལྟས་ཚེ། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་21དུས་མཚུངས་ལས་འཕར་བ་ལས། ཀན་སུའུ་དང་ཧྥུའུ་ཅན་དུས་མཚུངས་ལས་བརྒྱ་ཆའི་གྲངས་5ཡན་འཕར་ཡོད་པ་རེད།
     ནུས་རྒྱུ་གཙང་མའི་གློག་སྤྱོད་པའི་དམིགས་ཚད་ལེགས་སྒྲུབ་བྱས་པའི་ཐད། 2019ལོར་རྒྱལ་ཡོངས་ཀྱི་ཆ་སྙོམས་རླུང་གློག་སྤྱོད་ཚད་96%ཟིན་ནས་2019ལོའི་དམིགས་ཚད་ལས་བརྒྱ་ཆའི་གྲངས་6ལྷག་ཙམ་ཟིན་པ་དང་། རྒྱལ་ཡོངས་ཀྱི་ཆ་སྙོམས་འོད་གློག་སྤྱོད་ཚད་98%ཟིན་ནས་2019ལོའི་དམིགས་ཚད་ལས་བརྒྱ་ཆའི་གྲངས་3ལྷག་ཙམ་ཟིན་པ། རྒྱལ་ཡོངས་ཀྱི་གཙང་པོ་རྒྱུག་ཁུལ་གཙོ་བོའི་ཆུ་ནུས་སྤྱོད་ཚད་96%ཟིན་ནས་2019ལོའི་དམིགས་ཚད་ལས་བརྒྱ་ཆའི་གྲངས་1ལྷག་ཙམ་ཟིན་ཡོད་པ་རེད། ཞིང་ཆེན་དང་རང་སྐྱོང་ལྗོངས་གཙོ་བོ་ཚང་མར་2019ལོའི་རླུང་གློག་དང་། འོད་གློག ཆུ་གློག་བཅས་སྤྱོད་པའི་དམིགས་ཚད་ལེགས་གྲུབ་བྱུང་ཡོད་པ་རེད།