འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་18ཉིན།

༄༅།།ཕ་ཡུལ་ཀན་ལྷོར་ལོག་པའི་གཞོན་སྐྱེས་ལས་གཏོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་18ཉིན། 09:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཟླ་བ་ལྔ་པར་ལྗོན་ཤིང་གི་ལོ་མ་ལྷུག་པོར་གྲོལ་ནས་དཔྱིད་དཔལ་རབ་ཏུ་བཞད། ལོ་26ལ་སླེབས་པའི་བོད་རིགས་ཕོ་གསར་ཝང་ལེ་ཆུ་མ་གྲོང་ཚོའི་རྒྱབ་རིའི་དེའུ་འབུར་གྱི་ཁྲོད་དུ་ཕར་འགྲོ་ཚུར་འོང་བྱེད་ཞོར་སྒོ་ང་བསྡུ་བ་དང་སྦྲང་སྒམ་ལ་ལྟ་བཞིན་བྲེལ་བརྩོན་གྱིས་ཁེངས།
    ཝང་ལེ་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་འབྲུག་ཆུ་རྫོང་ཆུ་བར་ཤང་ཆུ་མ་གྲོང་ཚོ་ནས་ཡིན་པ་དང་། ཡུལ་དེའི་འདེབས་འཛུགས་གསོ་ཚགས་ཀྱི་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་ལས་འཛིན་པ་རེད། དང་ཐོག་ཕྱིར་རོལ་དབྱངས་སྒྲིག་བཟོའི་ལས་ལ་གཞོལ་བཞིན་པའི་ཁོང་ཕ་ཡུལ་དུ་ལོག་རྗེས་བྱ་དེ་གསོ་བ་དང་། སྦྲང་ནོར་བུ་གསོ་བ། སྟར་སྡོང་འཛུགས་པ་སོགས་བྱས་ཏེ་གྲོང་གསེབ་ཀྱི་འཚོ་བ་སྐྱེལ་འགོ་ཚུགས།
    “ཕ་ཡུལ་དུ་ལོག་ནས་ནགས་གསེབ་དཔལ་འབྱོར་འཕེལ་རྒྱས་གཏོང་བ་ནི་ཕ་ཤུལ་བུ་འཛིན་གྱི་བྱ་གཞག་ཅིག་རེད”ཅེས་ཝང་ལེས་བརྗོད།
     ཝང་ལེའི་ཕ་དེ་སྔོན་ཆུ་མ་གྲོང་ཚོའི་ལས་བྱེད་པ་ཞིག་ཡིན་པ་དང་། 2000ལོར་ཁོང་གིས་གྲོང་ཚོའི་ཐང་རྒོད་མུའུ་300འགན་གཙང་བླངས་ནས་སྟར་སྡོང་འདེབས་འཛུགས་བྱས་པས་ད་ཆ་སྟར་སྡོང་གི་ལྡུམ་ར་ཞིག་ཏུ་གྱུར་ཡོད། 2011ལོར་ཁོང་གི་ཕས་འདེབས་འཛུགས་གསོ་ཚགས་ཀྱི་ཞིང་པའི་ཆེད་ལས་མཉམ་ལས་ཁང་ཞིག་བཙུགས་ཏེ་ཡུལ་མི་ཚོ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱས།
     སྟབས་མ་ལེགས་པ་ཞིག་ལ་ཁོང་གི་ཕ་ངལ་དུབ་ཀྱིས་མནར་ནས་ནད་གཞི་སྣ་ཚོགས་ཕོག་སྟེ་2018ལོར་གྲོངས་པ་རེད། ཕྱིར་སློབ་སྦྱོང་བྱེད་བཞིན་པའི་ཝང་ལེ་ཕ་ཡུལ་དུ་ལོག་ནས་ཕའི་སྟར་སྟོང་ལྡུམ་རར་གཡོག་བྱེད་བྱ་རྒྱུའི་འགན་བླངས་ཏེ་ནགས་གསེབ་དཔལ་འབྱོར་འཕེལ་རྒྱས་བཏང་།
     ཐོག་མར་ལས་ཀ་དེ་བྱེད་སྐབས་ཝང་ལེ་ཡིས་ཞིང་ལས་ལ་ཆ་རྒྱུས་གཏན་ནས་མེད། ཕས་གསོ་ཚགས་བྱས་པའི་བྱ་དེ་ཁྲི་1ལྷག་ཙམ་ཡོད་པ་དེར་བརྟེན་ནས་ཡོང་འབབ་མང་པོ་ཡོང་གི་ཡོད་པ་ཤེས་རྗེས། ཁོང་གིས་བྱ་དེ་འབོར་ཆེན་གསོ་འགོ་ཚུགས། ཡིན་ན་ཡང་གསོ་ཚགས་ཀྱི་ལག་རྩལ་བྱང་ཆུབ་པོ་མེད་རྐྱེན་ཕྱེད་ཀ་ཙམ་ཤི་ནས་སྒོར་ཁྲི་20ཙམ་གྱི་གྱོང་གུན་ཕོག
    ཝང་ལེས་ཞིང་ལས་བྱ་རྒྱུ་དེ་ལས་སླ་བའི་བྱ་བ་ཞིག་མིན་པ་ཤེས་རྗེས། ཀླད་པ་དཀྲུག་པ་དང་སློབ་སྦྱོང་བྱེད་མཚམས་འཇོག་མི་རུང་སྙམ་སྟེ་ཐབས་ཤེས་གང་ཡོད་བཏང་ནས་རིགས་གཅིག་མཁས་ཅན་ལ་བཀའ་འདྲི་ཞུ་བ་དང་གསོ་སྦྱོང་ལ་ཞུགས་པ་སོགས་བྱས་པ་མ་ཟད། ད་དུང་སྲིད་གཞུང་སྡེ་ཚན་གྱི་རོགས་རམ་འོག་ཞིང་ལས་འགན་བཅོལ་ཉོས། འདི་ལོ་ཁོང་གིས་བྱ་དེ་ཁྲི་4ལྷག་ཙམ་གསོ་ཚགས་བྱས་པའི་གསོན་ཚད་98%ཟིན་ཏེ་ལོ་སྨད་དུ་བྱ་དེ་ཁྲི་10བཙོངས་པ་རེད།
     ཁོམ་པ་བྱུང་མ་ཐག་ཁོང་གིས་དེབ་ལྟ་བ་དང་དྲ་ཐོག་གི་སློབ་ཚན་ཉན་པ་མ་ཟད། ད་དུང་གོ་སྐབས་དམ་འཛིན་གྱིས་ཕྱིར་གསོ་སྦྱོང་དང་ལྟ་སྦྱོང་བྱེད་པར་འགྲོ་གི་ཡོད། གྲོང་ཚོར་ལོག་རྗེས་སྦྱངས་པའི་ཤེས་བྱ་རྣམས་བྱ་སྤྱོད་ངོ་མའི་ཐོག་ལག་ལེན་བསྟར་གྱི་ཡོད།
     ལོ་གཉིས་མ་འགོར་བར་ཕའི་སྟར་སྡོང་ལྡུམ་ར་དེ་ཝང་ལེས་གཉེར་སྐྱོང་ཡག་པོ་བྱས་ནས། འདེབས་འཛུགས་དང་། གསོ་ཚགས། ལས་སྣོན། ཕྱིར་ཚོང་བཅས་གཞི་གཅིག་ཅན་གྱི་ནགས་གསེབ་ཐོན་ལས་འཁོར་འབྲེལ་འཕེལ་རྒྱས་བཏང་བ་དང་། མཉམ་ལས་ཁང་ཡང་རིམ་བཞིན་འཕེལ་རྒྱས་ཆེན་པོ་བྱུང་སྟེ་ཡུལ་མི་20ལྷག་ཙམ་ལ་ལས་གནས་མཁོ་འདོན་བྱས།
    ལོ་38ལ་སླེབས་པའི་གཡང་སྐྱིད་མཚོས་ན་ནིང་ནས་བཟུང་མཉམ་ལས་ཁང་དེར་ལས་ཀ་བྱས་པ་དང་ཟླ་རེར་གླ་ཆ་སྒོར་3000ཡོང་གི་ཡོད།
    “དེ་སྔོན་ཕྱིར་གླ་པ་རྒྱུག་པར་འགྲོ་དགོས་པས་ཕྲུ་གུ་གསུམ་པོར་ལྟ་སྐྱོང་བྱེད་ཁོམ་མེད། ད་ཆ་ཁྱིམ་གྱི་སྒོ་ཁར་ལས་ཞུགས་ཐུབ་པས་ཡོང་འབབ་མང་པོ་ཡོད་པ་མ་ཟད་འཚོ་བར་ཡང་སྟབས་བདེ་ཆེན་པོ་བྱུང”ཞེས་ཁོ་མོས་བརྗོད།
     2018ལོར་ཝང་ལེས་རང་ཉིད་ཀྱི་སྤུས་རྟགས་བཏོད་པ་དང་འབྲེལ་ཐོ་འགོད་བྱས་ཏེ་དྲ་ཐོག་ཚོང་དོན་འཕེལ་རྒྱས་ཧུར་ཐག་བཏང་ནས་རང་ཡུལ་གྱི་ཞིང་ལས་ཐོན་རྫས་ཕྱིར་ཚོང་བྱེད་ཀྱི་ཡོད། ལོ་ཕྱེད་ཁོ་ནར་ཚོང་གཉེར་ཡོང་འབབ་སྒོར་ཁྲི་14ལྷག་ཙམ་ཟིན་པ་དང་། ཚོང་ཡག་དུས་སུ་ཟླ་བ་གཅིག་མ་འགོར་བར་སྒོ་ང་ཁྲི་8ལྷག་ཙམ་འཚོང་ཐུབ་ཀྱི་ཡོད།
    ཝང་ལེས་ལྷད་མེད་རང་བྱུང་གི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་ཡག་པོ་ཡོད་ཚེ་བྲིན་ཁ་མི་རྒྱུག་པའི་སེམས་ཁྲལ་བྱེད་དགོས་མེད་པ་ཤེས་རྟོགས་ཐུབ་ཡོད།
     སྲོལ་རྒྱུན་གྱི་ཞིང་པ་དང་མི་འདྲ་བར་ཝང་ལེ་བསམ་བློ་གཏོང་མཁས་པ་དང་ཁྲོམ་ར་གསར་འབྱེད་བྱེད་མཁས་པོ་ཡོད། ཁོང་གི་ཕས་དེ་སྔ་འདེབས་འཛུགས་བྱས་པའི་སྟར་སྡོང་ལྡུམ་རའི་ཐོན་འབོར་མང་པོ་ཡོད་མོད། འོན་ཀྱང་མ་གནས་མཐོ་བས་མ་ཚད་ཁེ་སྤོགས་ཀྱང་ཉུང་ཉུང་ཡིན་པས་ཡོང་འབབ་དེ་ཙམ་མང་པོ་མེད། སྟབས་འཁེལ་བ་ཞིག་ལ་ཁོང་གིས་སྟར་ཀའི་པགས་པས་ཚོས་རྒྱག་པར་སྤྱོད་གོ་ཆེན་པོ་ཡོད་པ་ཤེས་རྗེས་ཁྲེང་ཏུའི་ཚན་རྩལ་ཀུང་སི་ཞིག་དང་མཉམ་ལས་བྱས་ནས་སྟར་ཀའི་པགས་པའི་ནང་གི་སྐྱེ་དངོས་ཀྱི་ཚོས་རྒྱུ་བཏོན་དེ་སྐྲ་ཚོས་བཟོས་པ་རེད།
      ཝང་ལེས“དེ་སྔོན་སྟར་ཀའི་པགས་པར་བེད་སྤྱོད་གང་ཡང་མེད་བསམ་གྱི་འདུག ད་ཆ་དེ་ནས་ཀྱང་ཡོང་འབབ་ཡོང་གི་འདུག”ཅེས་བརྗོད་པ་དང་། ད་དུང་ཁོང་གིས་ཉེ་ཆར་ས་གནས་ཕྱིའི་ཀུང་སི་དང་འབྲེལ་གཏུག་བྱས་ཏེ་ཐོན་སྐྱེད་བྱེད་འགོ་འཛུགས་རྩིས་ཡོད་ཅེས་བརྗོད།
     2019ལོར་ཝང་ལེའི་སྣེ་ཁྲིད་འོག་མཉམ་ལས་ཁང་གིས་འཕེལ་རྒྱས་བཏང་བའི་ནགས་གསེབ་འདེབས་འཛུགས་ལས་རིགས་ལ་ཁྱོན་ཡོང་འབབ་སྒོར་ཁྲི་140ལྷག་ཙམ་བྱུང་བ་རེད། ཉེ་ཆར་ས་གནས་སྲིད་གཞུང་གི་རྒྱབ་སྐྱོར་འོག་ཁོང་གིས་གཞི་ཁྱོན་སྔར་བས་ཆེ་རུ་བཏང་སྟེ། ལྟ་སྐོར་བར་ཁྱམས་དང་། ཕ་བུའི་ཞིང་ར། སོས་དལ་ཉམས་ལེན་ཁུལ་བཅས་འཛུགས་སྐྲུན་བྱས་ཏེ་སྣོད་བཅུད་ལྟ་སྐོར་ཞིང་ལས་འཕེལ་རྒྱས་བཏང་ནས་ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་ཐུབ་རྒྱུར་སྐུལ་འདེད་གཏོང་རྩིས་ཡོད།
    “ཞིང་པ་གསར་པ་ཞིག་བྱེད་པར་ངེས་པར་དུ་གྲོང་གསེབ་ལ་དགའ་པོ་བྱེད་དགོས། ད་ཆ་ང་ཚོའི་ཞིང་ལས་ཐོན་རྫས་ཕྱིར་ཚོང་ལམ་བུ་བཏོད་ཟིན་པས་གོམ་སྟབས་རྗེས་མར་ད་དུང་སྤུས་ཚད་ཡག་ཏུ་བཏང་སྟེ་ཡུལ་མི་དེ་བས་མང་བ་མཉམ་དུ་ཕྱུག་འགྱུར་ཡོང་བ་བྱ་རྒྱུ་ཡིན”ཞེས་ཝང་ལེས་བརྗོད།