འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་18ཉིན།

༄༅།།རིམས་ནད་ཐོན་རིང་ཀྲུང་གོ་དང་ལོ་སིའི་བར་གྱི་ལྕགས་ལམ་མགྱོགས་མྱུར་སྣུར་སྲིང་བྱེད་བཞིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་18ཉིན། 09:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཟླ་ལྔ་པའི་ཟླ་འགོར་ལོ་སིའི་རྒྱལ་ས་ཝན་ཐེན་དུ་རིམས་ནད་ཀྱི་ཤུགས་རྐྱེན་སྔར་བཞིན་གནས་པ་དང་རབ་ཏུ་འཚེར་བའི་ཉི་འོད་འོག་གྲོང་ཁྱེར་ཉེ་འདབས་ཀྱི་ཀྲུང་ལོའི་ལྕགས་ལམ་འཛུགས་སྐྲུན་པ་ཚོས་དཀའ་ངལ་ཁྱད་བསད་བྱས་ཏེ་ལྕགས་ལམ་བཏིང་ནས་དུས་ཐོག་ཏུ་ལས་མཇུག་འགྲིལ་ཐུབ་རྒྱུའི་འགན་ལེན་བྱེད་བཞིན་ཡོད་པ་རེད།
    “ངས་རྒྱལ་ནང་གི་ས་ཕྱོགས་གང་སར་མེ་འཁོར་གཏོང་མྱོང་ཡོད། ཕྱི་རྒྱལ་དུ་མེ་འཁོར་གཏོང་ཐེངས་དང་པོ་ཡིན། ལམ་ཐིག་དེ་དངོས་འབྲེལ་འཆར་འགོད་ཡག་པོ་བྱས་འདུག མེ་འཁོར་གཏོང་དུས་སྐྱིད་པོ་འདུག”ཅེས་ལོ་31ལ་སླེབས་པའི་རྒྱལ་ནང་གི་མེ་འཁོར་གྱི་ཁ་ལོ་བ་ཁྲེན་ཅན་གྱིས་དེ་ལྟར་བཤད་པ་དང་ཁོང་ད་ལྟ་ཀྲུང་གོ་ལྕགས་ལམ་ཅུས་གཉིས་པའི་ཀྲུང་ལོའི་ལྕགས་ལམ་འདིང་བའི་རྣམ་གྲངས་ཀྱི་ཅིང་ལི་པུའི་ལས་གྲྭའི་མེ་འཁོར་གྱི་ཁ་ལོ་བ་བྱེད་ཀྱི་ཡོད་པ་དང་ཚེས་7ཉིན་མེ་འཁོར་བཏང་ནས་མདུན་ཕྱོགས་ཀྱི་ཨར་ལས་ཁུལ་དུ་ལྕགས་ལམ་གྱི་རྡོ་ཧྲུག་དབོར་འདྲེན་བྱས་པ་རེད།
     ཀྲུང་ལོའི་ལྕགས་ལམ་གྱི་ཐོག་མའི་ལམ་ལྕགས་ཀྱི་རིང་ཚད་ལ་སྨི་500ཡོད་པ་དེ་ཟླ་3ཚེས་27ཉིན་ཝན་ཐེན་ཉེ་འདབས་སུ་ཀྲུང་གོ་ལྕགས་ལམ་ཅུས་གཉིས་པས་བཏིང་ཞིང་། དེས་ཀྲུང་ལོའི་ལྕགས་ལམ་འཛུགས་སྐྲུན་འགག་རྩའི་དུས་སུ་སླེབས་པ་མཚོན་ཡོད། ཟླ་5པའི་ཟླ་འགོར་ཀྲུང་ལོའི་ལྕགས་ལམ་སྤྱི་ལེ་སུམ་ཅུ་བཞི་བཅུ་ཙམ་བཏིང་ཟིན་ནས་ཁྲེན་ཅན་ལོ་སིའི་དེང་རབས་ཅན་གྱི་ལྕགས་ལམ་དང་པོའི་ཐོག་གི་མེ་འཁོར་གཏོང་མཁན་དང་པོ་དེར་གྱུར་ཡོད།
     རེན་ཁྲེང་ནེང་ལོ་སིར་སླེབས་ནས་ཟླ་བ་9སོང་བ་དང་ཁོང་གིས་ཀྲུང་ལོའི་ལྕགས་ལམ་འདིང་བའི་ཨར་ལས་ཀྱི་ལམ་ཐིག་ཧྲིལ་པོའི་སྤྱི་ཁྱབ་བཀོད་གཏོང་གི་འགན་འཁུར་གྱི་ཡོད། ཚེས་7ཉིན་གསར་འགོད་པ་དང་ཁོང་གིས་ལས་གྲྭའི་མེ་འཁོར་ལ་བསྡད་ནས་བཏིང་མ་ཐག་པའི་ཀྲུང་ལོའི་ལྕགས་ལམ་ཐོག་བསྐྱོད་པས་ཁོང་གིས་ལས་ཀར་འཛིན་པའི་རྣམ་འགྱུར་གང་ལེགས་མཚོན་ཡོད་པ་རེད།
     ཁོང་གིས་གསར་འགོད་པར་རང་ཉིད་རྒན་ཡོལ་མ་ཞུས་གོང“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་དང་ཀྲུང་ལོའི་ལྕགས་ལམ་འཛུགས་སྐྲུན་ནང་ཞུགས་རྒྱུ་བྱུང་བར་དངོས་གནས་དགའ་པོ་བྱུང་ཞེས་བཤད།
    “མིག་སྔའི་ཀྲུང་ལོའི་ལྕགས་ལམ་ལམ་ཐིག་ཧྲིལ་པོ་རྒྱུན་གཏན་ལྟར་འཁོར་རྒྱུག་ཐུབ་ཆེད། ང་ཚོས་ལས་ཀའི་འཕེལ་རིམ་འགན་ལེན་དང་། སྤུས་ཚད་འགན་ལེན། བདེ་འཇགས་འགན་ལེན། རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་བཅས་ཀྱི་དོ་དམ་དང་ཚོད་འཛིན་བྱ་ཐབས་ནུས་ཤུགས་ཡོད་རྒུས་དོན་འཁྱོལ་བྱེད་ཀྱི་ཡོད”ཅེས་ཀྲུང་གོ་ལྕགས་ལམ་ཅུས་གཉིས་པའི་ཀྲུང་ལོའི་ལྕགས་ལམ་རྣམ་གྲངས་ཀྱི་ཅིང་ལི་ཧུའུ་པིན་གྱིས་གསར་འགོད་པར་ངོ་སྤྲོད་བྱས། ཁོང་གིས་ཟླ་3ཚེས་27ཉིན་ཀྲུང་ལོའི་ལྕགས་ལམ་འདིང་བའི་ལས་དོན་སྤེལ་རིང་གོ་ལ་ཧྲིལ་པོའི་ཏོག་གསར་རིམས་ནད་སྔོན་འགོག་དང་ཚོད་འཛིན་ནན་པོ་བྱེད་པའི་དུས་བབ་འོག་ཅིང་ལི་པུས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལམ་ལུགས་ལག་བསྟར་ནན་པོ་བྱེད་པ་དང་དེ་བཞིན་ས་གནས་ས་ཐོག་ཏུ་དོ་དམ་དང་ཚོད་འཛིན་བྱ་ཐབས་སྤྱད་དེ“ལོགས་འཇོག་ནན་པོ་དང་། གཏན་ནས་མི་འགོ་བ། འཐུས་ཤོར་མི་འགྲོ་བ་གཉིས”བཅས་ཀྱི་རིམས་འགོག་དང་ཐོན་སྐྱེད་ལས་འགན་ཕྱོགས་ཡོངས་ནས་སྟངས་འཛིན་བྱས་ཡོད་ཅེས་བཤད།
     ཧུའུ་པིན་གྱིས་རྣམ་གྲངས་པུའི་ལས་དོན་མི་སྣས་ལས་དུས་འཕར་མ་བྱས་ནས་ལས་ཀའི་དུས་ཚོད་བརྩོན་ལེན་བྱས་པ་དང་། ལག་རྩལ་དང་དོ་དམ་ལས་བྱེད་པ་ཁུ་བསྡུ་བྱས་ཡོད། ང་ཚོའི་དོ་དམ་ལས་བྱེད་པ་དང་ལག་རྩལ་ལས་བྱེད་པ་མང་པོ་ཞིག་འཐབ་ས་དང་པོར་ཡོད་ཅེས་བཤད་པ་དང་ཁོང་གིས“ང་ཚོས་ད་དུང་ལོ་སིའི་སློབ་ཆེན་ནས་སློབ་གྲྭ་ཐོན་མ་ཐག་པའི་སློབ་མ་ང་ཚོའི་ཚོགས་པའི་ནང་བསྡུས་པ་ཡིན”ཞེས་ངོ་སྤྲོད་བྱས།
     ཟླ་5ཚེས་7ཉིན་ཁྲེན་ཅན་གྱིས་འཁོར་སྒྲོམ་རེར་ལྕགས་ལམ་གྱི་རྡོ་ཧྲུག་ཏུན་70ཙམ་བླུགས་པའི་འཁོར་སྒྲོམ་21ཡོད་པའི་ཤར་རླུང་རྟགས་ཅན་གྱི་4Bལས་གྲྭའི་མེ་འཁོར་གཏོང་གི་ཡོད་པ་དང་ཀྲུང་ལོའི་ལྕགས་ལམ་བསྐྲུན་པ་དང་ཆབས་ཅིག་ཕན་འབྲས་ཐོན་གྱི་འདུག་ཅེས་བརྗོད་ཆོག
     ཀྲུང་ལོའི་ལྕགས་ལམ་ནི་ཀྲུང་གོའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་ལོ་སིའི“སྐམ་སའི་ནང་ཁུལ་གྱི་རྒྱལ་ཁབ་ནས་སྐམ་སའི་ནང་ཁུལ་གྱི་འབྲེལ་བྱེད་རྒྱལ་ཁབ་ཏུ་འགྱུར་རྒྱུའི”འཐབ་ཇུས་འབྲེལ་མཐུད་ཀྱི་རྣམ་གྲངས་ཡིན་པ་དང་བྱང་ངོས་ཀྱི་ལོ་ཀྲུང་མཐའ་མཚམས་འགག་སྒོ་མོ་ཏིང་ནས་ལྷོ་ངོས་ཀྱི་ལོ་སིའི་རྒྱལ་ས་ཝན་ཐེན་བར་ལམ་ཐིག་ཧྲིལ་པོར་སྤྱི་ལེ་414ཡོད། ལྕགས་ལམ་དེ་ཀྲུང་གོའི་དོ་དམ་གྱི་ཚད་གཞི་དང་ལག་རྩལ་གྱི་ཚད་གཞིར་གཞིགས་ནས་བསྐྲུན་པ་ཞིག་ཡིན་པ་དང་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་160ཡིན་པ་དང་འགྲུལ་ཟོག་གཉིས་འདྲེན་གྱི་གློག་རླངས་ཅན་གྱི་ལྕགས་ལམ་ཞིག་རེད། ལས་གྲྭ་དེ་2016ལོའི་ཟླ་12པར་ཕྱོགས་ཡོངས་ནས་སྐྲུན་འགོ་ཚུགས་པ་དང་2021ལོའི་ཟླ་12པར་མེ་འཁོར་ཤར་གཏོང་ཐུབ་རྒྱུ་ཡིན་པ་རེད།