འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་17ཉིན།

༄༅༎གངས་ལྗོངས་ས་མཐོར་མཚར་སྡུག་ལྡན་པའི་མེ་ཏོག་རབ་ཏུ་བཞད།

—— བོད་ཀྱི“90པའི་ནང་སྐྱེས”ཀྱི་དབུལ་སྐྱོར་ལས་བྱེད་པའི་སྐོར་རགས་བྲིས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་17ཉིན། 12:38】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     རྩྭ་ཐང་སྟེང་གྲོང་ཚོ་གཅིག་ཀྱང་མཐོང་རྒྱུ་མི་འདུག་ལ། ཁ་པར་ལ་བརྡ་རྟགས་ཀྱང་མེད་ཅིང་། རླངས་འཁོར་གངས་ཁྲོད་དུ་ལུས། རང་རྒྱལ་གྱི་ས་བབ་མཐོ་ཤོས་ཀྱི་རྫོང་མཚོ་གཉིས་རྫོང་གི་དབུལ་སྐྱོར་ལས་བྱེད་པ་ཡེ་ཤེས་ཆོས་སྒྲོན་གྱིས་དངངས་སྐྲག་ཆེན་པོས་གངས་ཁྲོད་དུ་རྐང་ཐང་མར་ཆུ་ཚོད་ཕྱེད་ཀ་ལྷག་ཙམ་བསྐྱོད་དེ་རི་ལ་འཛེགས་ནས་བརྡ་རྟགས་བཙལ་བས་མཐར་རོགས་སྐྱོབ་རེ་ཞུའི་ཁ་པར་རྒྱག་ཐུབ་ཙམ་བྱུང་།
     “ཐོ་འགོད་ལེགས་གྲུབ་མ་བྱུང་བ་གང་ཡིན་ནམ”སྙེ་མོ་རྫོང་ཐོན་པ་གྲོང་རྡལ་གྱི་དབུལ་སྐྱོར་ལས་བྱེད་པ་ཀྲང་ཧའེ་ཤིན་གྱིས་རང་ཉིད་ཀྱིས་ཇུས་འགོད་བྱས་པའི་ཚོང་རྟགས་ལ་བལྟས་ནས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཐོན་རྫས་འཚོང་ཐུབ་པའི་སེམས་ཐག་བཅད།
     དབུལ་སྐྱོར་ལས་དོན་གྱི་ཆེད་འགན་ཁུར་ནས་ལོ་4ཙམ་ཕྱིན་པའི་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་རི་དུང་ཤང་གི་ལས་བྱེད་པ་བསོད་ནམས་དཔའ་མོར་སྤྱིར་ན་ཉིན་ལྟར་ལྟོ་དུས་ཐོག་ཏུ་ཟ་ཁོམ་གཏན་ནས་ཡོང་གི་མེད་ལ། རྒྱུན་དུ་ལས་དུས་འཕར་མ་མཚན་མོའི་ཆུ་ཚོད་དང་པོ་གཉིས་པ་བར་བྱེད་དགོས་ཀྱི་ཡོད།
     ཡེ་ཤེས་ཆོས་སྒྲོན་དང་། ཀྲང་ཧའེ་ཤིན། བསོད་ནམས་དཔའ་མོ་བཅས་ནི་བོད་ཀྱི“90པའི་ནང་སྐྱེས”ཀྱི་དབུལ་སྐྱོར་ལས་བྱེད་པའི་མཚོན་ཚུལ་ཞིག་ཡིན་པས། ཁོ་ཚོས་གངས་ལྗོངས་ས་མཐོའི་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ས་དང་པོར་འབད་འཐབ་གང་ལེགས་ཀྱིས་གངས་རི་དང་། རྩྭ་ཐང་། གྲོག་རོང་བཅས་ཀྱི་ཁྲོད་འགྲོ་འོང་བྱས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཆེད་མི་ཚེའི་ཆེས་མཛེས་སྡུག་ལྡན་པའི་ལང་ཚོ་སྐྱེས་སུ་འབུལ་བཞིན་ཡོད།
     ཡེ་ཤེས་ཆོས་སྒྲོན་གྱིས“དཀའ་ཚེགས་ཆེ་བའི་ཁུལ”དུ་བདེ་སྐྱིད་དོན་གཉེར་བྱས།
     ཆ་སྙོམས་ས་བབ་སྨི་5000ལྷག་ཙམ་ཡོད་པའི་ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་ནི་ཀྲུང་གོའི་ས་བབ་མཐོ་ཤོས་ཀྱི་སྒྲིག་གཞི་ཚང་བའི་རྫོང་ཞིག་ཡིན་པ་དང་། མཁའ་རླུང་ལ་གསོ་རླུང་འདུས་ཚད་ནང་སའི་ཐང་གཤོངས་ཀྱི་40%ལས་མེད། 2015ལོར་བོད་ཀྱི་སློབ་ཆེན་སློབ་མ་ཡེ་ཤེས་ཆོས་སྒྲོན་སློབ་གྲྭ་ཐོན་རྗེས་མཚོ་གཉིས་རྫོང་ཡག་ཆུ་ཤང་དུ་ལས་ཀར་ཞུགས།
     “མཚོ་གཉིས་ཀྱི་ས་བབ་མཐོ་བ་དང་ས་ཐག་རིང་བས་དེ་གར་འགྲོ་དགོས་དོན་གང་ཡིན་ནམ”ཞེས་གཉེན་ཉེ་དང་གྲོགས་པོ་གྲོགས་མོ་ཚོས་བསམ་ཤེས་མ་ཐུབ་པའི་སྒོ་ནས་དྲིས། ཡེ་ཤེས་ཆོས་སྒྲོན་གྱིས་དཀའ་ཚེགས་ཇི་ཙམ་ཆེ་རུང་ཚང་མ་ང་ཚོའི་ཕ་ཡུལ་ཡིན་པས་གང་དུ་བསྡད་ཀྱང་ཕ་ཡུལ་འཛུགས་སྐྲུན་བྱེད་དགོས་ཞེས་བརྗོད་ཀྱི་ཡོད།
     དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་འགོ་བཙུགས་ཚུན། ཡེ་ཤེས་ཆོས་སྒྲོན་རྟག་ཏུ་ལས་རོགས་དང་མཉམ་དུ་གྲོང་ཚོ་དང་དུད་ཚང་དུ་སྐྱོད་དགོས་ཀྱི་ཡོད། “གངས་ཁྲོད་དུ་སྐྱོབ་རོགས་ཞུ་བའི”བྱ་བ་དེའང་སྐབས་དེ་དུས་དབུལ་སྐྱོར་གྱི་ལམ་དུ་བྱུང་བ་ཞིག་རེད།
     མཚོ་གཉིས་རྫོང་མཆོར་གྲོང་ཚོའི་དུད་ཚང་དབུལ་པོ་ཨ་མྱེས་ཁྱིམ་དུ་སྒོ་ཕྱུགས་མང་པོ་མེད་པ་དང་ངལ་རྩོལ་ནུས་ཤུགས་ལྷག་འཕྲོ་ཡོད་ཀྱང་སྲོལ་རྒྱུན་འདུ་ཤེས་ཀྱི་ཤུགས་རྐྱེན་ཕོག་སྟེ་ཕྱིར་གླ་པ་རྒྱུག་པར་འགྲོ་འདོད་བྱེད་ཀྱི་མེད། ཨ་མྱེས་ཀྱི་བསམ་བློར་འགྱུར་ལྡོག་གཏོང་ཆེད་ཡེ་ཤེས་ཆོས་སྒྲོན་གྱིས་རྟག་ཏུ་ཁོ་པ་བཙལ་ནས་བསམ་བློའི་ལས་དོན་སྤེལ་གྱི་ཡོད།
     ཡེ་ཤེས་ཆོས་སྒྲོན་གྱིས“རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ཚེ་གཞི་ནས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བའི་གནས་ལུགས་ཡང་ནས་བསྐྱར་དུ་ཤོད་ཀྱི་ཡོད། མཐར་ཨ་མྱེས་ཀྱི་བུ་གཉིས་པོ་ཁྱིམ་ནས་ཐོན་ཏེ་རང་ཉིད་ལ་འཚམ་པའི་ལས་ཀ་ཞིག་རག་པས་ཁྱིམ་ཚང་ཧྲིལ་པོ་ན་ནིང་བདེ་བླག་ངང་དབུལ་སྒྲོལ་ཐུབ་ཡོད”
     ཀྲང་ཧའེ་ཤིན་གྱིས་རྣག་ཐོག་བཙག་འཁེལ་གྱི་བྱ་ཐབས་སྤྱད་པ།
     ལོ་26ལ་སོན་པའི་ཀྲང་ཧའེ་ཤིན་མཚོ་སྔོན་ནས་ཡིན་པ་དང་2017ལོར་ཁོང་པེ་ཅིང་གྲོང་ཁྱེར་སློབ་གླིང་བཟོ་ཚོང་དོ་དམ་ཆེད་ལས་ནས་ཐོན་རྗེས་པེ་ཅིང་གི་ཀུང་སི་ཞིག་ཏུ་ལས་ཀ་བྱེད་པའི་གོ་སྐབས་དོར་ནས་བོད་དུ་ཡོང་ནས“ས་མཐོའི་ཕུགས་འདུན”གྲུབ་པར་བྱས།
     ཀྲང་ཧའེ་ཤིན་གྱིས་བོད་དུ་འབྱོར་མ་ཐག་པའི་ལོ་ཕྱེད་ནང་གསོ་རླུང་མི་འདང་བའི་དབང་གིས་རྟག་ཏུ་གཉིད་མི་ཁུག་པ་དང་ལུས་པོའི་ལྗིད་ཚད་ཀྱང་རྒྱ་མ་10ལྷག་ཙམ་ཆག་སྟེ་ཤ་རིད་ཅིང་ངོ་གདོང་ནག་པར་གྱུར་སོང་ཞེས་བརྗོད།
     “རང་ཉིད་ཀྱིས་ཐག་བཅད་པའི་བྱ་བ་དེ་དཀའ་ཚེགས་ཇི་ཙམ་ཆེ་རུང་མཐའ་འཁྱོངས་བྱེད་དགོས”ཞེས་ཀྲང་ཧའེ་ཤིན་གྱིས་དཀའ་ངལ་ཕྲད་ཀྱང་བློ་ཁོག་ཆེན་པོས་གང་མགྱོགས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་ཞུགས།
     ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་ཐོན་པ་གྲོང་རྡལ་གྱི་སྤོས་དང་། བོད་ཤོག རྐོ་དཀྲོལ་སོགས་ཀྱི་ལག་རྩལ་གང་སར་སྐད་གྲགས་ཆེན་པོ་ཡོད་པས་སྙེ་མོའི་ལག་རྩལ་རྩེར་སོན་གསུམ་ཞེས་བརྗོད་ཀྱི་ཡོད། ན་ནིང་ཐོན་པ་གྲོང་རྡལ་གྱིས་ཐོན་རྫས་ཕྱིར་ཚོང་གི་ལམ་བུ་རྒྱ་སྐྱེད་དང་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་ཆེད་ཕྱུག་འགྱུར་སྣེ་ཁྲིད་པ་དང་རིག་གནས་ཆུ་ཚད་མཐོ་ཙམ་གྱི་མང་ཚོགས་བདམས་ནས་དྲ་ཐོག་ཚོང་དོན་གྱི་གསོ་སྦྱོང་འཛིན་གྲྭ་བཙུགས།
     ཀྲང་ཧའེ་ཤིན་གྱིས་སློབ་ཆེན་དུ་སྦྱངས་པའི་ཆེད་ལས་ཤེས་བྱ་དེ་དག་བེད་སྤྱོད་ཐུབ་ཡོད། ཁོང་གིས་མང་ཚོགས་དབུལ་པོ་ཚོར་དྲ་ཐོག་གི་ཚོང་པ་ཇི་ལྟར་བྱེད་པ་དང་། དྲ་ཐོག་ཏུ་ཚོང་ཁང་ཇི་ལྟར་འཛུགས་པ་སོགས་བསླབས་པས་ལོ་གཅིག་ཀྱང་མ་འགོར་བར་མང་ཚོགས་མང་པོ་ཞིག་གིས་ཐོན་རྫས་དྲ་རྒྱ་བརྒྱུད་རྒྱལ་ཡོངས་ས་གནས་ཁག་ཏུ་བཙོངས།
     བོད་བཟོའི་གྱོན་ཆས་ཀྱི་ཚོན་མདོག་རྣམ་པར་བཀྲ་བས་ཁྲོམ་རར་བྲིན་ཁ་རྒྱུག་པོ་ཡོད། ཀྲང་ཧའེ་ཤིན་གྱིས་ཐོན་པ་གྲོང་རྡལ་ཐོན་ཕུ་གྲོང་ཚོའི་བུད་མེད་ཀྱི་འཚེམ་བཟོའི་ཆེད་ལས་མཉམ་ལས་ཁང་གིས་བཙེམས་པའི་བོད་ཆས་ཇུས་འགོད་དང་ཚོང་རྟགས་ཐོ་བཀོད་དེ་ཐོན་རྫས་ཀྱི་སྤུས་རྟགས་དང་རིན་གོང་མཐོ་རུ་བཏང་བ་མ་ཟད། ཚོང་རྟགས་ཀྱི་དཔེ་རིས་ལའང་བཟོ་བཅོས་ཡང་ཡང་བརྒྱབ།
    མང་ཚོགས་དབུལ་པོའི་མིག་ལམ་དུ་ཀྲང་ཧའེ་ཤིན་ནི་བསམ་བློ་གཏོང་མཁས་པ་ཞིག་དང་། ཐོན་ཕུ་གྲོང་ཚོའི་བུད་མེད་ཀྱི་འཆེམ་བཟོའི་ཆེད་ལས་མཉམ་ལས་ཁང་གི་འགན་འཁུར་བ་དགེ་ལེགས་ཀྱིས“ཁོང་གིས་རྟག་ཏུ་བསམ་ཡུལ་ལས་འདས་པའི་ཐབས་ཤེས་ཡག་པོ་བཏོན་ནས་ང་ཚོར་ཐོན་རྫས་འཚོང་རོགས་བྱེད་ཀྱི་ཡོད། ཁོང་གི་རོགས་རམ་ཡོད་སྟབས་མཉམ་ལས་ཁང་སྔར་བས་འཕེལ་རྒྱས་ཡག་པོ་ཡོང་བའི་ཡིད་ཆེས་ཡོད”ཅེས་བརྗོད།
     བསོད་ནམས་དཔའ་མོས་རང་ཉིད་དབུལ་སྐྱོར་ལས་དོན་ལ་ཞུགས་པར་སྤོབས་པ་ཆེན་པོ་སྐྱེ་ཡི་འདུག་ཅེས་བརྗོད།
     “ངས་དབུལ་སྐྱོར་གྱི་ལས་དོན་དེ་རང་ཉིད་ཀྱི་བྱ་གཞག་ལ་བརྩིས་ནས་སྒྲུབ་ཀྱི་ཡོད”2016ལོར་བསོད་ནམས་དཔའ་མོ་ནུབ་བྱང་མི་རིགས་སློབ་ཆེན་ནས་ཐོན་རྗེས་ཕ་ཡུལ་ཆབ་མདོར་ལོག་སྟེ་ཁ་རུབ་ཆུས་རི་དུང་ཤང་དུ་དབུལ་སྐྱོར་གྱི་ཆེད་འགན་ཁུར།
     ལོ་60ལ་སོན་པའི་ཚེ་དགའ་ནི་ནད་པ་ཞིག་ཡིན་པས་འགྲོ་སྐྱོད་སྟབས་བདེ་མེད་པར་བརྟེན་ཁྱིམ་གྱི་བུ་རྣམ་སྲས་དབང་ཕྱུག་ཕུད་ངལ་རྩོལ་ནུས་ཤུགས་མེད། བསོད་ནམས་དཔའ་མོས་གནས་ཚུལ་དེ་ཤེས་རྗེས། ཚེ་དགར་སྣོད་བཅུད་སྲུང་སྐྱོང་གི་ལས་གནས་ཤིག་འདུན་ཞུ་བྱས་ནས་རི་དུང་ཤང་སྲིད་གཞུང་གི་སྒོ་སྲུང་བའི་ལས་ཀ་བཙལ།
     2017ལོར་ཚེ་དགར་སྣོད་བཅུད་སྲུང་སྐྱོང་གི་ལས་གནས་ཁ་གསབ་སྒོར་3000རག་པ་དང་། 2018ལོ་དང་2019ལོ་སོ་སོར་སྒོར་3500རེ་རག རྣམ་སྲས་དབང་ཕྱུག་གིས་ད་དུང་ཚོང་ཁང་ཆུང་ཆུང་ཞིག་བཙུགས་ཏེ་ཕྱུག་འགྱུར་གྱི་ལམ་བུར་སྐྱོད་པའི་གོ་སྐབས་སྔར་བས་མང་བ་ཐོབ།
     ལོ་བཞིའི་རིང་བསོད་ནམས་དཔའ་མོས་རྟག་ཏུ་ལས་དུས་འཕར་མ་མཚན་མོའི་ཆུ་ཚོད་དང་པོ་གཉིས་པ་བར་བྱས་ཀྱང་བློ་ཡིད་ཚིམ་པོ་ཡོང་གི་མེད། བསོད་ནམས་དཔའ་མོས“མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ལ་རོགས་རམ་བྱེད་རྒྱུ་དེ་ངས་སྒྲུབ་དགོས་ངེས་ཀྱི་འགན་འཁྲི་རེད། རང་ཉིད་དབུལ་སྐྱོར་གྱི་ལས་བྱེད་པ་ཞིག་ཡིན་པར་དེ་བས་སྤོབས་པ་ཆེན་པོ་སྐྱེ་ཡི་འདུག”ཅེས་བརྗོད།