འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་17ཉིན།

༄༅༎བོད་ལྗོངས“ནུབ་གློག་ཤར་ལ་གཏོང་བའི”རྒྱུན་མཐུད་ནུས་ཁུངས་རྟེན་གཞིར་རིམ་བཞིན་གྱུར་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་16ཉིན། 08:09】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ལོ་56ལ་སླེབས་པའི་ཐན་ཅི་ཝུན་ནི་བོད་ལྗོངས་ཆུ་བེད་ལས་གྲྭའི་ཁོངས་གཏོགས་ཀྱི་དགེ་རྒན་ཆེ་མོ་བ་རིམ་པའི་མཐོ་རིམ་བཟོ་བཀོད་པ་ཞིག་ཡིན་ཞིང་། ཁོང་གིས་བཤད་དོན། ལོ་20ལྷག་ཙམ་རིང་འཛུགས་སྐྲུན་བྱས་པ་བརྒྱུད། 2019ལོར་བོད་ཀྱིས་ཕྱི་ཕྱོགས་སུ་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་16ལྷག་ཙམ་ཟིན་ཏེ་རྒྱལ་ཁབ་ཀྱི“ནུབ་གློག་ཤར་གཏོང”གི་རྒྱུན་མཐུད་ནུས་ཁུངས་རྟེན་གཞིར་རིམ་བཞིན་གྱུར་ཡོད།
     བོད་ལ་ཆུ་བོ་མང་བ་དང་ཆུ་འབེལ་པོ་ཡོད་པས“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”ཅེས་བརྗོད་ཀྱི་ཡོད་ཅིང་། ལྗོངས་ཡོངས་ཀྱི་ཆུ་ཤུགས་ཐོན་ཁུངས་ལག་རྩལ་གསར་སྤེལ་བྱེད་ཚད་ཆན་ཝ་དུང་ཕྱུར་1.76ཟིན་པ་དེ་རྒྱལ་ཡོངས་བསྡོམས་འབོར་གྱི་1/3ཙམ་ཟིན་གྱི་ཡོད། ཐན་ཅི་ཝུན་གྱིས་མིག་སྔར་བོད་ཀྱི་ཆུ་ཤུགས་ཐོན་ཁུངས་1%ཙམ་ལས་གསར་སྤེལ་བྱས་མེད་པས་མ་འོངས་པར་མི་མངོན་པའི་ནུས་ཤུགས་ཆེན་པོ་ལྡན་ཡོད་ཅེས་བརྗོད།
     ཐན་ཅི་ཝུན་གྱིས་དྲན་གསོ་བྱེད་བཞིན“ངས་དྲན་གསལ་ལ་བོད་དུ་སླེབས་མ་ཐག་པའི་སྐབས་སུ་བོད་ལ་གློག་མི་འདང་བའི་གནད་དོན་ཚབས་ཆེན་ཡོད་པས། ས་གནས་ཁག་གིས་གཙོ་བོ་ཆུ་གློག་ཆུང་ཆུང་དང་ཁྲའེ་ཡིའུ་སྣུམ་གྱི་འཕྲུལ་ཆས་ལ་བརྟེན་ནས་གློག་གཏོང་གི་ཡོད”ཅེས་བརྗོད་པ་དང་། 1994ལོའི་ཟླ་10པར་བོད་དུ་སླེབས་རྗེས་རང་ཉིད་ཀྱིས་གཞིས་རྩེ་མ་ནག་ཆུ་བེད་ལྟེ་བའི་ལས་གྲྭ་ཇུས་འགོད་བྱེད་པའི་གཙོ་འགན་ཁུར་ནས་ཇུས་འགོད་ཀྱི་སྤྱི་ཁྱབ་བཟོ་བཀོད་པ་བྱས་པ་ཡིན་ཞེས་ཁོང་གིས་བརྗོད།
     མ་ནག་ཆུ་བེད་ལྟེ་བའི་ལས་གྲྭ་ནི་གཞིས་རྩེའི་མྱང་ཆུ་གཙང་པོའི་སྟོད་རྒྱུད་དུ་གནས་ཤིང་། དེར་ཆུ་བོའི་སྨད་རྒྱུད་ངོགས་གཉིས་ཀྱི་ས་ཞིང་མུའུ་ཁྲི་40ལྷག་ཙམ་ལ་ཆུ་འདྲེན་པ་དང་། ཆུ་ལོག་སྔོན་འགོག གློག་འདོན་པ་སོགས་ཀྱི་ནུས་པ་གཙོ་བོ་ལྡན་ཡོད། 2001ལོར་མ་ནག་ཆུ་བེད་ལྟེ་བའི་ལས་གྲྭ་བདེ་བླག་ངང་ཞིབ་བཤེར་རྩིས་ལེན་ཐུབ་པ་དང་། དེ་རྗེས་ལས་གྲྭ་དེར“ཀྲུང་གོའི་འཛུགས་སྐྲུན་ལས་གྲྭའི་ལུའུ་པན་བྱ་དགའ”ཐོབ་ཡོད།
     ཐན་ཅི་ཝུན་གྱིས་མ་ནག་ཆུ་བེད་ལྟེ་བའི་ལས་གྲྭ་བསྐྲུན་ཟིན་རྗེས་རང་ཉིད་གཟུགས་གཞིས་རྐྱེན་པས་ནང་སར་ངལ་གསོ་རྒྱག་པར་ལོག་དགོས་བྱུང་། 2007ལོར་ཀྲུང་གོ་ཧྭ་ནུས་ཚོགས་པས་མ་དངུལ་བཏང་སྟེ་བོད་དུ་གློག་འདོན་ཀུང་སི་བཙུགས་པ་དང་ཐན་ཅི་ཝུན་སླར་ཡང་བོད་དུ་ཕེབས་ཏེ་གློག་འདོན་ཀུང་སིའི་སྤྱི་ཁྱབ་བཟོ་བཀོད་པ་གནང་། དེའི་རིང་ཁོང་གིས་ཡར་ཀླུང་གཙང་པོའི་ཆུ་གཞུང་ཨ་མའི་ཆུ་གློག་ས་ཚིགས་ཐོག་མ་སྟེ་རྫམ་ཆུ་གློག་ས་ཚིགས་བསྐྲུན། ཆུ་གློག་ས་ཚིགས་དེ་ནི་བོད་ཀྱི་གློག་ཤུགས་འཕེལ་རྒྱས་ལོ་རྒྱུས་ཀྱི་ཆན་ཝ་ཁྲི་10རིམ་པ་ནས་ཆན་ཝ་ཁྲི་50རིམ་པའི་བར་གྱི་ཆུ་གློག་ས་ཚིགས་འཛུགས་སྐྲུན་གྱི་ཚབ་མཚོན་རང་བཞིན་གྱི་ལས་གྲྭ་ཞིག་རེད།
     2014ལོར་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་མ་དངུལ་བཏང་སྟེ་བོད་ལྗོངས་གསར་སྤེལ་མ་འཇོག་ཚོགས་པ་ཚད་ཡོད་ཀུང་སི་བཙུགས་པ་དང་། དེའི་ནང་ཆུ་གློག་དང་འོད་ནུས་གསར་སྤེལ་སོགས་ནུས་རྒྱུ་གཙང་མའི་ཁྱབ་ཁོངས་ཚུད་ཡོད། བོད་དུ་ལོ་མང་ལས་ཀ་བྱས་པའི་ཉམས་མྱོང་ལྡན་པའི་ཆུ་བེད་ཁྱབ་ཁོངས་ཀྱི་དགེ་རྒན་ཆེ་མོ་བ་རིམ་པའི་མཐོ་རིམ་བཟོ་བཀོད་པ་ཞིག་གི་ངོས་ནས་ཐན་ཅི་ཝུན“གནས་གཡར”བྱས་ཏེ་ཀུང་སིའི་འཕེལ་རྒྱལ་ལ་ཕྱོགས་ཡོངས་ནས་འགན་འཁུར་གྱིས་བོད་སྐྱོར་ལམ་དུ་མུ་མཐུད་བསྐྱོད།
     ཐན་ཅི་ཝུན་གྱི་སྣེ་ཁྲིད་འོག་བོད་ལྗོངས་གསར་སྤེལ་མ་འཇོག་ཚོགས་པ་ཚད་ཡོད་ཀུང་སིས་སྔ་རྗེས་སུ་དཀར་སྟོད་དང་། ཅིན་ཆའོ། ཝ་ཐོག་བཅས་ཆུ་གློག་ས་ཚིགས་དང་། དེ་བཞིན་གཞིས་རྩེའི་གམ་པ་ཉི་འོད་གློག་འདོན་ས་ཚིགས་སོགས་བསྐྲུན་ནས་བེད་སྤྱོད་གཏོང་འགོ་ཚུགས། མིག་སྔར་ཀུང་སི་དེར་བདག་དབང་ཐོབ་པའི་སྒྲིག་སྦྱོར་འཕྲུལ་འཁོར་ཀྲའོ་ཝ་6200ཡོད་པར་ལོར་གློག་གཏོང་ཚད་བོད་ཡོངས་ཀྱི་10%ལྷག་ཙམ་ཟིན་གྱི་ཡོད།
     ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་བོད་ལྗོངས་ཀྱི་ས་གནས་ཁག་ཏུ་སྐྲུན་བཞིན་པའམ་ཡང་ན་བེད་སྤྱོད་གཏོང་བཞིན་པའི་ཆུ་གློག་ས་ཚིགས་ཀྱི་བཅུ་ཆ་དགུ་ཙམ་ནི་རྒྱུག་ཆུའི་གློག་ཁང་ཡིན་ཞིང་། “རྒྱུག་ཆུའི་གློག་ཁང་གི་ཆུ་གློག་སྙོམས་སྒྲིག་བྱེད་ནུས་ཞན་པ་དང་ཆུ་དཀོན་དུས་ཀྱི་གློག་འདོན་ཚད་ནི་ཆུ་རྒྱས་དུས་ཀྱི་1/4ནས་1/3བར་ལས་ཟིན་གྱི་མེད། འོན་ཀྱང་བོད་ཀྱི་གློག་སྤྱོད་ཚད་དགུན་ཁ་མཐོ་བ་དང་དབྱར་ཁ་དམའ་བའི་ཁྱད་ཆོས་མངོན་གྱི་ཡོད”ཅེས་ཐན་ཅི་ཝུན་གྱིས་བརྗོད་པ་དང་། ཁོང་གིས་གནད་དོན་དེས་དགུན་ཁ་དང་དཔྱིད་ཁའི་ཆུ་གློག་མཁོ་སྤྲོད་ཐད་ཀྱི་འགལ་བ་ཇེ་ཆེར་སོང་ཡོད། ཁོང་གིས་ངོས་འཛིན་བྱས་དོན། གློག་ཁུངས་གྲུབ་ཆའི་རང་བཞིན་གྱི་འགལ་བ་དང་ཆུ་དཀོན་པའི་དུས་སུ་གློག་ཚབས་ཆེན་མི་འདང་བའི་གནད་དོན་སྔར་བཞིན་བོད་ཀྱི་ནུས་རྒྱུའི་གློག་ཤུགས་རྒྱུན་མཐུད་སྐྱོན་བྲལ་གྱི་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་འགག་རྩའི་གནད་དོན་ཞིག་རེད།