འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་15ཉིན།

༄༅༎ཕྱི་འབྲེལ་པུས། ཨ་རི་ཕྱོགས་ཀྱིས“མ་ཉེས་ཁ་གཡོགས”དང་རང་འགན་གཞན་དཀྲི་ཁོ་ན་མི་བྱེད་པའི་རེ་བ་ཡོད་ཅེས་བརྗོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་15ཉིན། 12:36】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཚེས་14ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ཀྱིས་ཡོངས་བསྒྲགས་དང་། ཁ་གསལ། འགན་འཁྲི་འཁུར་བ་བཅས་ཀྱི་རྣམ་འགྱུར་ཐོག་ནས་རང་རྒྱལ་ཁབ་ཀྱི་མི་དམངས་ཀྱི་དོ་ཁུར་ལ་དུས་ཐོག་ཏུ་ལན་རྒྱག་རྒྱུ་དང་། བྱ་ཐབས་ནུས་ལྡན་ཏན་ཏིག་སྤྱད་དེ་རང་རྒྱལ་ཁབ་ཀྱི་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་སྲུང་སྐྱོང་ཡག་པོ་བྱེད་པ་ལས“མ་ཉེས་ཁ་གཡོགས”དང་རང་འགན་གཞན་དཀྲི་ཁོ་ན་མི་བྱེད་པའི་རེ་བ་ཡོད་ཅེས་བརྗོད་པ་རེད།
     ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག གསར་འགོད་པ་ཞིག་གིས། ཨ་རིའི་རྒྱལ་དོན་བློན་ཆེན་ཕུང་ཕེ་ཨའོ་སོགས་ཨ་རི་ཕྱོགས་ཀྱི་དཔོན་རིགས་ཀྱིས་ཉེ་ཆར་སླར་ཡང་ཀྲུང་གོས་ཨ་རིའི་མི་དམངས་ཀྱི་བདེ་འཇགས་སྲུང་སྐྱོང་ལ་མཁོ་བའི་ཆ་འཕྲིན་མཉམ་སྤྱོད་བྱ་རྒྱུ་ཁས་མ་བླངས་པར་རིམས་ནད་མཆེད་དུ་བཅུག་པས་ཀྲུང་གོ་ཕྱོགས་ཀྱིས་ཁ་གསལ་རྒྱུན་འཁྱོངས་བྱེད་དགོས་པའི་འབོད་སྐུལ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད་པ་རེད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས་པར།
     ཀྲའོ་ལི་ཅན་གྱིས“རྫུན་གཏམ་བསྐྱར་ཟློས་ཐེངས་སྟོང་ཕྲག་བྱས་ཀྱང་རྫུན་གཏམ་ནི་རྫུན་གཏམ་རང་ཡིན”ཞེས་བཤད་པ་དང་། “ཨ་རི་ཕྱོགས་ཀྱི་སྲིད་ཚོང་པ་རེ་ཟུང་གིས་ཀྲུང་གོས་དུས་ཐོག་ཏུ་ཆ་འཕྲིན་མཉམ་སྤྱོད་དང་ཁ་གསལ་མ་བྱས་པ་དང་ནར་འགྱངས་བྱས་ཏེ་རིམས་ནད་མཆེད་དུ་བཅུག་པ་རེད་ཅེས་རྒྱུན་ཆད་མེད་པར་སྐྱོན་འཛུགས་བྱས་པའི་སྐོར་ལ། ང་ཚོས་ཀྲུང་གོ་ཕྱོགས་ཀྱིས་རིམས་ནད་ལ་ཁ་གཏད་འཇལ་བའི་དུས་རིམ་གསལ་པོ་ངོ་སྤྲོད་ཐེངས་མང་བྱས་ཡོད་ལ། དོན་དངོས་ནི་གསལ་ཐག་ཆོད་ཡིན”ཞེས་བརྗོད་པ་རེད།
     ཀྲའོ་ལི་ཅན་གྱིས་ཨ་རིའི་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རེན་ལེ་ཏེ་ཧྥེར་ཏེས་ཚེས་12ཉིན་ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་གོང་མའི་དཔང་ཉན་ཚོགས་འདུར་ཞུགས་སྐབས་ཀྲུང་གོས་ན་ནིང་ཟླ་12ཚེས་31ཉིན་ཀྲུང་གོར་བཅའ་སྡོད་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྐུ་ཚབ་ཁྲུའུ་ལ་ཝུའུ་ཧན་དུ་རྒྱུ་རྐྱེན་གསལ་པོ་མེད་པའི་གློ་ཚད་ཀྱི་ནད་དཔེ་ཐོན་པའི་ཆ་འཕྲིན་བརྡ་ཁྱབ་བཏང་བའི་ཉིན་གཉིས་སོང་རྗེས། ཨ་རིའི་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་ཀྲུང་གོ་ཕྱོགས་དང་འབྲེལ་བ་བྱས་པ་དང་འབྲེལ། ཚན་རིག་གི་ཐད་ནས་དཔྱད་བསྡུར་བྱས་པས་ཕྱོགས་གཉིས་དབར་འབྲེལ་བ་ཧ་ཅང་ཡག་པོ་བྱུང་ཡོད་ཅེས་བརྗོད་པ་དང་། ཨ་རིའི་འཕྲོད་བསྟེན་དང་སྤྱི་དམངས་ཞབས་ཞུ་པུའི་ཁོངས་གཏོགས་སྐྱེ་དངོས་གསོ་རིག་མཐོ་རིམ་ཞིབ་འཇུག་དང་འཕེལ་རྒྱས་ཅུས་ཀྱི་ཅུས་ཀྲང་ཟུར་པ་འབུམ་རམས་པ་ལི་ཁེ་པུའུ་ལའེ་ཐེ་ཡིས་ཚེས་13ཉིན་རྒྱལ་ཚོགས་ལ་མཁོ་འདོན་བྱ་རྩིས་ཡོད་པའི་དཔང་ཚིག་ཡོངས་བསྒྲགས་བྱས་པའི་ནང་། ཁོང་གིས་ཟླ་དང་པོར་ཨ་རིས་ཏོག་གསར་ནད་དུག་ལ་ཁ་གཏད་འཇལ་བའི་གྲ་སྒྲིག་ལེགས་པོ་བྱེད་དགོས་པའི་དྲན་སྐུལ་བྱས་མོད། འོན་ཀྱང་པུའུ་དེའི་འགོ་ཁྲིད་རིམ་པས་དེར་དོ་ཁུར་སྤུ་ཙམ་ཡང་བྱས་མེད་པ་དང་། དགོས་ངེས་ཀྱི་ཛ་དྲག་བྱ་སྤྱོད་སྤེལ་འདོད་མེད་པ་རེད་ཅེས་བརྗོད་ཡོད་པ་རེད།
     ཀྲའོ་ལི་ཅན་གྱིས་ཨ་རི་ཕྱོགས་ཀྱིས་ཉམས་ཉེན་འདི་ཐག་གཅོད་བྱེད་ཚུལ་ཡང་སྙིང་ཅི་འདྲ་ཡིན་ཞེ་ན། ཨ་རིའི་རྒྱལ་ནང་དུ་གནས་འཕྲིན་དང་གྲོས་བསྡུར་མང་པོ་ཡོད་ཅིང་། ཨ་རིའི་མི་དམངས་ལ་ཡང་མྱོང་ཚོར་ཟབ་མོ་ཡོད་པ་མ་ཟད། ཨ་རི་སྲིད་གཞུང་གིས་དུས་ཐོག་ཏུ་རིམས་ནད་ལ་ཁ་གཏད་འཇལ་ཡོད་མེད་ལ་དོགས་འདྲི་དང་སེམས་ཁྲལ་བྱེད་པའི་སྐད་སྒྲ་ཡང་ཡོད། “ང་ཚོས་ཨ་རི་ཕྱོགས་ཀྱིས་ཡོངས་བསྒྲགས་དང་། ཁ་གསལ། འགན་འཁྲི་འཁུར་བ་བཅས་ཀྱི་རྣམ་འགྱུར་ཐོག་ནས་རང་རྒྱལ་ཁབ་ཀྱི་མི་དམངས་ཀྱི་དོ་ཁུར་ལ་དུས་ཐོག་ཏུ་ལན་རྒྱག་རྒྱུ་དང་། བྱ་ཐབས་ནུས་ལྡན་ཏན་ཏིག་སྤྱད་དེ་རང་རྒྱལ་ཁབ་ཀྱི་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་སྲུང་སྐྱོང་ཡག་པོ་བྱེད་པ་ལས‘མ་ཉེས་ཁ་གཡོགས’དང་རང་འགན་གཞན་དཀྲི་ཁོ་ན་མི་བྱེད་པའི་རེ་བ་ཡོད”ཅེས་བརྗོད་པ་རེད།