འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་15ཉིན།

༄༅༎ཀན་སུའུ་དང་མཚོ་སྔོན་གྱིས་ལན་ཀྲོའུ་ནས་ཟི་ལིང་བར་གྱི་ཡུག་འབྲེལ་གྲོང་ཁྱེར་ཚོམ་བུའི“ཆུ་ཚོད་1གི་
དཔལ་འབྱོར་འཁོར་རྒྱ”མཉམ་དུ་བསྐྲུན་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་15ཉིན། 09:41】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་ཟླ་5ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་13ཉིན་ཀན་སུའུ་དང་མཚོ་སྔོན་མཉམ་ལས་གཏིང་ཟབ་བྱས་ཏེ་ལན་ཀྲོའུ་ནས་ཟི་ལིང་བར་གྱི་ཡུག་འབྲེལ་གྲོང་ཁྱེར་ཚོམ་བུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་བའི་ལས་དོན་ཚོགས་འདུ་ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་དུ་འཚོགས་པ་རེད། ཚོགས་འདུའི་ཐོག་མཚོ་སྔོན་དང་ཀན་སུའུ་དབར་གྱི་འབྲེལ་ཡོད་བྱ་སྤྱོད་འཆར་གཞིར་མིང་རྟགས་བཀོད་ནས་ལན་ཀྲོའུ་ནས་ཟི་ལིང་བར་གྱི་ཡུག་འབྲེལ་གྲོང་ཁྱེར་ཚོམ་བུ་འཛུགས་སྐྲུན་ལ་མཉམ་དུ་སྐུལ་འདེད་གཏོང་རྒྱུ་རེད།
     མིང་རྟགས་འགོད་པའི་མཛད་སྒོའི་ཐོག་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དང་ཀན་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གིས《མཉམ་ལས་གཏིང་ཟབ་བྱས་ཏེ་ལན་ཀྲོའུ་ནས་ཟི་ལིང་བར་གྱི་ཡུག་འབྲེལ་གྲོང་ཁྱེར་ཚོམ་བུ་སྤུས་ཚད་མཐོ་བའི་མཉམ་དུ་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བའི་སྒྲོམ་གཞིའི་གྲོས་མཐུན》ལ་མིང་རྟགས་བཀོད་པ་དང་ཀན་སུའུ་ཞིང་ཆེན་གྱི་ལན་ཀྲོའུ་གྲོང་ཁྱེར་དང་། ཀྲང་དབྱེ་གྲོང་ཁྱེར། ལིང་ཞ་ཀྲོའུ་བཅས་དང་མཚོ་སྔོན་ཞིང་ཆེན་གྱི་ཟི་ལིང་གྲོང་ཁྱེར་དང་། མཚོ་བྱང་ཀྲོའུ། མཚོ་ཤར་གྲོང་ཁྱེར་བཅས་དབར་གྲོང་ཁྱེར(ཀྲོའུ)རིམ་པའི་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད། གཞན་ཡང་། ཞིང་ཆེན་གཉིས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་ཕྱོགས་བསྡུས་འགྲིམ་འགྲུལ་མཉམ་སྦྲེལ་མཉམ་མཐུད་དང་། སྣོད་བཅུད་ཁོར་ཡུག་མཉམ་འགོག་མཉམ་བཅོས། ལྗང་མདོག་གི་འཁོར་རྒྱུག་ཐོན་ལས་མ་ལག་འཛུགས་སྐྲུན། ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པ། འཕེལ་རྒྱས་ཀྱི་ལས་སྟེགས་གལ་ཆེན་མཉམ་སྐྲུན། ཁྲོམ་ར་གཞི་གཅིག་ཅན། ནུས་རྒྱུའི་ཐོན་ཁུངས། སྤྱི་པའི་ཞབས་ཞུ་མཉམ་སྒྲུབ་མཉམ་སྤྱོད། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན། ཞིང་ལས་དང་གྲོང་གསེབ་བཅས་ཀྱི་ཆེད་དམིགས་ཁྱབ་ཁོངས་10ཡི་ཐད་ཀྱི་མཉམ་ལས་བྱ་སྤྱོད་འཆར་གཞིར་མིང་རྟགས་བཀོད་པ་རེད།
     2018ལོའི་ཟླ་གསུམ་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ལན་ཀྲོའུ་ནས་ཟི་ལིང་བར་གྱི་ཡུག་འབྲེལ་གྲོང་ཁྱེར་ཚོམ་བུ་འཕེལ་རྒྱས་འཆར་འགོད》བཀྲམ་པ་རེད། འཆར་འགོད་གཞིར་བཟུང་། 2035ལོར་སླེབས་སྐབས་ལན་ཀྲོའུ་ནས་ཟི་ལིང་བར་གྱི་ཡུག་འབྲེལ་གྲོང་ཁྱེར་ཚོམ་བུའི་མཉམ་དུ་འཕེལ་རྒྱས་ཀྱི་རྣམ་པ་གཞི་རྩའི་ཆ་ནས་གྲུབ་པ་དང་། ཁྱབ་ཁོངས་ཁག་གི་འཕེལ་རྒྱས་ལ་གྲུབ་འབྲས་ཆེན་པོ་ཐོབ་པ། འཕེལ་རྒྱས་ཀྱི་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་བཅས་བྱུང་ནས་རྒྱལ་ཡོངས་ཀྱི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་གནས་སྟངས་ཁྲོད་བཟུང་བའི་གནས་བབ་དེ་བས་བརྟན་དུ་འགྲོ་རྒྱུ་རེད།