འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་14ཉིན།

༄༅༎ཕྱི་འབྲེལ་པུས་ཀྲུང་གོས་ཁ་ན་ཏ་དང་རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་གྱི་མཉམ་ལས་བྱེད་བཞིན་ཡོད་པ་ར་སྤྲོད་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་14ཉིན། 11:37】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཚེས་13ཉིན། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་ཀྲུང་གོས་ཁ་ན་ཏ་དང་རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་གྱི་མཉམ་ལས་བྱེད་བཞིན་ཡོད་པ་ར་སྤྲོད་བྱས་པ་རེད།
     དེ་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས། གནས་ཚུལ་སྤེལ་བར་གཞིགས་ན། ཁ་ན་ཏའི་རྒྱལ་ཁབ་ཞིབ་འཇུག་ཨུ་ཡོན་ལྷན་ཁང་གིས་ཚེས་12ཉིན་ཁ་ན་ཏ་ཕྱོགས་ཀྱིས་ཀྲུང་གོའི་ཁང་ཤིས་ནུའོ་སྐྱེ་དངོས་མ་རྐང་ཀུང་སི་དང་མཉམ་ལས་བྱས་ནས་འབྱུང་འགྱུར་ཁ་ན་ཏར་རིམས་འགོག་སྨན་ཁབ་ཚོད་ལྟ་བྱ་རྒྱུར་འགྲོ་ལམ་འདིང་བཞིན་ཡོད་ཅེས་བཤད་པ་རེད། ཀུང་སི་དེས་ཁ་ན་ཏའི་འཕྲོད་བསྟེན་པུའུ་ལ་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟའི་རེ་ཞུ་འབུལ་རྩིས་ཡོད། ཀྲུང་གོ་ཕྱོགས་ཀྱིས་རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་ཚུད་པའི་འཕྲོད་བསྟེན་མཉམ་ལས་ལ་ལྟ་སྟངས་ཇི་ལྟར་འཛིན་གྱི་ཡོད་དམ། རིམས་ནད་ཐོན་རྗེས་ཀྲུང་གོ་དང་ཁ་ན་ཏའི་དབར་གྱི་རིམས་ནད་འགོག་པའི་མཉམ་ལས་ལ་གདེང་འཇོག་གང་ཞིག་ཡོད་དམ་ཞེས་དྲིས་པར།
     ཀྲའོ་ལི་ཅན་གྱིས་ཏོག་གསར་གློ་ཚད་རིམས་ནད་ཐོན་པ་ནས་བཟུང་ཀྲུང་གོ་དང་ཁ་ན་ཏའི་དབར་ཕན་ཚུན་རྒྱབ་སྐྱོར་དང་ཕན་ཚུན་རོགས་རམ་བྱས་ནས་རིམས་ནད་ལ་ཁ་གཏད་གཅོག་པའི་མཉམ་ལས་ཧུར་ཐག་བྱས་ཡོད། ཀྲུང་གོ་སྲིད་གཞུང་གིས་ཁ་ན་ཏར་ཞལ་འདེབས་བརྒྱབ་པའི་སྨན་བཅོས་དངོས་ཟོག་ཏུན་32ཉེ་ཆར་ཁ་ན་ཏར་དབོར་ཟིན་པ་དང་ཀྲུང་གོ་ཕྱོགས་ཀྱིས་ཁ་ན་ཏ་ཕྱོགས་ཀྱིས་ཀྲུང་གོར་ཚོང་ལས་སྨན་བཅོས་དངོས་ཟོག་ཉོ་སྒྲུབ་བྱེད་པར་ཡང་གཞོགས་འདེགས་ཧུར་ཐག་དང་སྟབས་བདེ་བསྐྲུན་ཡོད་ཅེས་བརྗོད།
     ཁོང་གིས་ནད་དུག་ལ་རྒྱལ་མཚམས་མེད་པས། དེ་ནི་མིའི་རིགས་ཡོངས་ལ་འཕྲད་པའི་ཐུན་མོང་གི་འགྲན་སློང་ཞིག་རེད། རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་བྱ་རྒྱུ་དེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐད་གལ་འགངས་ཤིན་ཏུ་ཆེ་བ་དང་མིའི་རིགས་ཀྱིས་རིམས་ནད་ལས་རྣམ་པར་རྒྱལ་བའི་འགག་རྩ་ཞིག་རེད། “ཀྲུང་གོ་ཕྱོགས་ཀྱིས་ཁ་ན་ཏ་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་དང་སྨན་རྫས་དང་རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་གྱི་རྒྱལ་སྤྱིའི་མཉམ་ལས་ཧུར་ཐག་བྱེད་བཞིན་ཡོད། ང་ཚོས་མུ་མཐུད་ཁ་ན་ཏ་དང་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ཏོག་གསར་གློ་ཚད་སྨན་བཅོས་བྱེད་པའི་ཐོན་རྫས་ཞིབ་འཇུག་གསར་སྤེལ་དང་ཐོན་སྐྱེད་བྱེད་མགྱོགས་སུ་བཏང་ནས་གོ་ལ་ཧྲིལ་པོའི་འཕྲོད་བསྟེན་བདེ་འཇགས་སྲུང་སྐྱོབ་དང་རིམས་ནད་ལ་འགོག་རྒོལ་བྱ་ཆེད་འབད་བརྩོན་བྱེད་འདོད་ཡོད”ཅེས་བརྗོད་པ་རེད།