འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་13ཉིན།

༄༅།།གོ་ལ་ཧྲིལ་པོ་དང་ལག་གདང་སྦྲེལ་ནས་རིམས་འགོག་བྱས་པ་ལས་ཀྲུང་གོའི་འགན་འཁྲི་ཁུར་
སེམས་མཚོན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་13ཉིན། 13:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན། ཀྲུང་གོས་ཉེན་ཁ་དང་དཀའ་ངལ་ཆེ་བའི་དུས་སུ་ལྷག་བསམ་ཟོལ་མེད་ཀྱི་རོགས་སྐྱོར་བྱས་པས། ཕྱི་རྒྱལ་གྱི་དམངས་ཚོགས་ལ་སེམས་འགུལ་ཆེན་པོ་ཐེབས་ཡོད། འཛམ་གླིང་ས་གནས་ཁག་ཏུ་མི་སེམས་འགུལ་བའི་བྱ་སྤྱོད་མང་པོ་ཐོན་ནས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་བརྩེ་སེམས་ཟབ་མོར་ཐུགས་རྗེ་ཆེ་ཞུས་ཡོད་ལ། གོ་ལ་ཧྲིལ་པོས་ལག་གདང་སྦྲེལ་ནས་རིམས་འགོག་བྱེད་པའི་འགྱུར་མེད་ཀྱི་དད་སེམས་ཀྱང་འཕེལ་ཡོད།
    རིམས་ནད་ལ་རྒྱལ་མཚམས་མེད་ཀྱང་མི་ཡུལ་ལ་བརྩེ་སེམས་ལྡན། “ཀྲུང་གོ་ཕྱོགས་ཀྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་རྒྱུན་འཛིན་བྱས་ནས་རྒྱལ་ཁབ་ཁག་དང་མཉམ་དུ་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ནུས་ལྡན་མཉམ་སྤྱོད་དང་། སྨན་རྫས་དང་རིམས་འགོག་སྨན་ཁབ་མཉམ་འབྲེལ་ཐོག་ཞིབ་འཇུག་གསར་སྤེལ། རིམས་ནད་མཆེད་པའི་རྒྱལ་ཁབ་ལ་ནུས་པས་ལྕོགས་ཚོད་ཀྱིས་རོགས་སྐྱོར་བཅས་བྱེད་འདོད་ཡོད” ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པས་ཏོག་གསར་གློ་ཚད་ལ་ཁ་གཏད་གཅོག་པའི་དམིགས་བསལ་དབུ་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་ནི་ལྷག་བསམ་ཟོལ་མེད་ཀྱི་བསྒྲགས་གཏམ་ཞིག་རེད་ལ་དེ་བས་ནུས་ལྡན་གྱི་བྱ་སྤྱོད་ཅིག་ཀྱང་རེད། གོ་ལ་ཧྲིལ་པོས་རིམས་ནད་འགོག་པའི་འགག་རྩའི་དུས་སུ“ཀྲུང་གོའི་རིགས་གཅིག་མཁས་ཅན”གཅིག་མཇུག་གཉིས་མཐུད་ངང་རྡོག་ཐོན་བྱས་པ་དང་། “ཀྲུང་གོའི་ཉམས་མྱོང”མཉམ་སྤྱོད་བྱས་ཏེ་ཕྱི་ཕྱོགས་ལ་རིམས་ནད་འགོག་བཅོས་ཀྱི་རོགས་སྐྱོར་བྱས་པ་དེ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་རོགས་སྐྱོར་དུས་ཚོད་གཅིག་སྡུད་ཆེ་ཤོས་དང་ཁྱབ་རྒྱ་ཆེ་ཤོས་ཀྱི་ཛ་དྲག་གི་མི་ཆོས་རིང་ལུགས་ཀྱི་བྱ་སྤྱོད་ཅིག་རེད།
    ཀྲུང་གོས་རིམས་ནད་ལ་འགོག་རྒོལ་བྱེད་པའི་དཀའ་ངལ་ཆེ་ཤོས་ཀྱི་སྐབས་སུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱབ་སྐྱོར་དང་རོགས་རམ་གནང་བ་ཀྲུང་གོ་མི་དམངས་ཀྱིས་ནམ་ཡང་བརྗེད་མི་སྲིད། ཅང་སུའུ་ཝུའུ་ཤིས་ཀྱི་ཤིན་ཝུའུ་ཆུས་ལ་དེ་སྔ་མཛའ་གྲོགས་གྲོང་ཁྱེར་རི་པིན་ཧྥེང་ཁྲོན་གྲོང་ཁྱེར་གྱིས་ཞལ་འདེབས་བརྒྱབ་པའི་ཁ་རས་4500འབྱོར་བ་དང་། མཛའ་གྲོགས་གྲོང་ཁྱེར་ལ་དངོས་ཟོག་ཁ་ཐང་པོ་ཡོད་པ་ཤེས་རྗེས་མགྱོགས་མྱུར་ཁ་རས་ཁྲི་5ཕར་ཕྱོགས་ལ་ཞལ་འདེབས་བརྒྱབ་པ་རེད། དབྱི་ཐ་ལིས་དེ་སྔ་ཀྲུང་གོར་ཁ་རས་ཁྲི་4ཞལ་འདེབས་བརྒྱབ་པ་དང་རྗེས་སུ་ཀྲུང་གོས་དབྱི་ཐ་ལིར་ཁ་རས་ཁྲི་བརྒྱ་གྲངས་ཞལ་འདེབས་བརྒྱབ་ཡོད། ཨུ་རུ་སུས་དེ་སྔ་ཁ་རས་ཁྲི་200ཞལ་འདེབས་བརྒྱབ་པ་དང་དེ་རྗེས་ཀྲུང་གོས་ཐབས་ལམ་སྣ་ཚོགས་བརྒྱུད་ཨུ་རུ་སུར་ཁ་རས་དུང་ཕྱུར་1.5ཞལ་འདེབས་བརྒྱབ་ཡོད། ཨ་རིའི་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣས་དེ་སྔ་གཅིག་རྗེས་གཉིས་མཐུད་ངང་ཀྲུང་གོར་ཐོན་པའི་རིམས་ནད་འགོག་བཅོས་ལ་རོགས་སྐྱོར་བྱས་ཡོད། ད་ཆ་ཀྲུང་གོས་རིམ་རྩིས་བྱས་ན་ཨ་རིར་ཁ་རས་དུང་ཕྱུར་66ལྷག་ཙམ་ཞལ་འདེབས་བརྒྱབ་ཡོད། བསྡོམས་རྩིས་ལས་མངོན་པར། ཀྲུང་གོས་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་150ལྷག་ཙམ་ལ་དགོས་མཁོ་ཆེ་བའི་སྨན་བཅོས་དངོས་ཟོག་གི་རོགས་སྐྱོར་བྱས་པ་མ་ཟད། རྒྱལ་ཁབ་ཁག་གིས་ཀྲུང་གོར་ཚོང་ལས་ཉོ་སྒྲུབ་བྱེད་པར་སྟབས་བདེ་ཧུར་ཐག་བསྐྲུན་ཡོད། བཀའ་དྲིན་ལ་བསམ་ཤེས་ཀྱིས་དྲིན་ལན་ཧུར་ཐག་འཇལ་བ་ནི་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་མང་པོའི་སྲོལ་རྒྱུན་བཟང་པོ་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་ཁྲག་རྒྱུན་ནང་བཞུར་བའི་ཀུན་སྤྱོད་བཟང་པོ་ཞིག་ཀྱང་ཡིན།
     གོ་ལ་ཧྲིལ་པོར་ཏོག་གསར་གློ་ཚད་རིམས་ནད་མཆེད་པ་དེས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་འཇིགས་སྐུལ་ཆེན་པོ་བཟོས་ཡོད། ཚེ་སྲོག་ཚང་མར་ལྷག་བསམ་རྣམ་དག་ངང་བརྩི་འཇོག་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་ནད་པ་ཚང་མ་སྐྱོབ་པ། རང་རྒྱལ་ཁབ་ཀྱི་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་སྲུང་སྐྱོབ་ཡག་པོ་བཅས་བྱེད་པར་མི་ཆོས་རིང་ལུགས་ཀྱི་སྙིང་སྟོབས་ཁ་འབྲལ་ཐབས་མེད་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གོ་ལ་ཧྲིལ་པོའི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་དེའང་མི་ཆོས་རིང་ལུགས་ཀྱི་སྙིང་སྟོབས་དང་ཁ་འབྲལ་ཐབས་མེད། རིམས་ནད་ཐོན་ཚུན་རྒྱལ་ཁབ་མང་པོར་རིམས་འགོག་སྨན་བཅོས་རུ་ཁག་བཏང་བ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དྲ་ཐོག་ཤེས་བྱའི་ལྟེ་གནས་བཙུགས་པ། རིགས་གཅིག་མཁས་ཅན་གྱི་བརྙན་ལམ་ཚོགས་འདུ་ཐེངས་བཅུ་གྲངས་འཚོགས་པ། རིམས་འགོག་གི་དངོས་ཟོག་འབོར་ཆེན་མཁོ་འདོན་བྱས་པ་སོགས་ཀྲུང་གོས་རྒྱལ་ནང་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་མུ་མཐུད་ཡག་པོ་བྱེད་པ་དང་དུས་མཚུངས་ནུས་པས་ལྕོགས་ཚོད་ཀྱི་ཁྱབ་ཁོངས་ནང་དགོས་མཁོ་ཡོད་པའི་རྒྱལ་ཁབ་ལ་རོགས་སྐྱོར་བྱས་པ་དེ་ནི་ལྟ་རེས་སྐྱོང་རེས་དང་ཕྱར་བ་གྲུ་འདེགས་ཀྱི་རིན་ཐང་འདུ་ཤེས་ལས་བྱུང་བ་ཞིག་ཡིན་ལ། དེ་ལས་ཀྲུང་གོ་མི་དམངས་ཀྱི་སེམས་བཟང་དང་གཅེས་སེམས་ཀྱང་མཚོན་གྱི་ཡོད། དེ་ལྟར་ཡིན་པའི་དབང་གིས་གྲོགས་པོར་དཀའ་ངལ་འཕྲད་སྐབས་ཀྲུང་གོས་བལྟས་ནས་སྡོད་མི་སྲིད་ལ། དེ་ལས་གཡོལ་ཡང་མི་སྲིད། རོགས་སྐྱོར་བྱེད་སྐབས་སྒེར་ཕན་སྒྲུབ་མི་སྲིད་ལ་ཆ་རྐྱེན་དེ་བས་འདོན་མི་སྲིད། དེ་ལྟ་བུའི་འབད་བརྩོན་ལ་བརྩི་འཇོག་བྱེད་རིན་ཡོད་པ་དང་། དེ་ལྟ་བུའི་རོགས་སྐྱོར་ནམ་ཡང་བརྗེད་མི་སྲིད།
     གློ་བུར་དུ་ཐོན་པའི་རིམས་ནད་དེ་ལས་འཛམ་གླིང་གི་མི་རྣམས་ལ་མིའི་རིགས་ཀྱི་ཐུན་མོང་གི་དགྲ་བོའི་མདུན་དུ་རྒྱལ་ཁབ་སུ་འདྲ་ཞིག་གིས་ཀྱང་ཁེར་རྐྱང་དུ་རང་སྲུང་བྱེད་མི་ཐུབ་པ་རྟོགས་ཡོད། མིག་སྔར་རིམས་ནད་ལ་འགོག་རྒོལ་བྱ་རྒྱུ་དེ་རྒྱལ་ཁབ་གཅིག་དང་གྲོང་ཁྱེར་གཅིག་གི་བྱ་བ་ཞིག་མིན་པར་གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་སྲུང་སྐྱོང་གི་དམག་འཐབ་དང་། མིའི་རིགས་ཀྱི་བདེ་ཐང་དང་བདེ་སྐྱིད་སྲུང་སྐྱོང་གི་དམག་འཐབ། འཛམ་གླིང་གི་འཕེལ་རྒྱས་དང་དར་རྒྱས་སྲུང་སྐྱོང་གི་དམག་འཐབ་བཅས་རེད། ཀྲུང་གོས་ཕྱི་ཕྱོགས་ལ་རིམས་ནད་འགོག་བཅོས་ཀྱི་རོགས་སྐྱོར་བྱེད་པ་ནི་ཐོག་མའི་བསམ་འདུན་མཐའ་འཁྱོངས་བྱེད་པ་ལས་མི་སེམས་བསླུ་ཐབས་བྱེད་པ་ཞིག་མིན། སྤྱི་པའི་ཁེ་ཕན་དོན་གཉེར་བྱེད་པ་ལས་སྒེར་ཕན་དོན་གཉེར་བྱེད་པ་ཞིག་མིན། དེ་ནི་རྒྱལ་སྤྱིའི་འགྲོ་འོང་ཁྲོད་ཀྲུང་གོས་ཡང་དག་པའི་བདེན་ཁེའི་ལྟ་བ་མཐའ་འཁྱོངས་བྱེད་པའི་རང་རྟོགས་ཀྱི་བྱ་སྤྱོད་ཅིག་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ལག་ལེན་བསྟར་བའི་འགན་འཁྲི་འཁུར་སེམས་ཤིག་རེད།
    གོ་ལ་ཧྲིལ་པོའི་རིམས་ནད་ཀྱི་རྒྱུགས་ལེན་ཆེན་པོའི་མདུན་དུ་རྒྱལ་ཁབ་སུ་འདྲ་ཞིག་གིས་ཀྱང་རང་ཉིད་གཅིག་པུར་བརྟེན་ནས་འགྲན་སློང་དང་ཉེན་ཁ་ལས་རྣམ་པར་རྒྱལ་ཐབས་བྲལ། མིའི་རིགས་ནི་སྐྱིད་སྡུག་མཉམ་མྱོང་གི་ལས་དབང་གཅིག་མཐུན་འདུས་གྲུབ་ཅིག་ཡིན་པ་ལས་ཆབ་སྲིད་རང་བཞིན་གྱི་འབོད་ཚིག་ཅིག་མིན་པར་ཉིན་ལྟར་ང་ཚོའི་མཐའ་འཁོར་དུ་ཐོན་པའི་དོན་དངོས་ཤིག་རེད། རྒྱལ་ཁབ་ཚང་མས་རིམས་ནད་ཚོད་འཛིན་ནུས་ལྡན་བྱས་ཚེ་གོ་ལ་ཧྲིལ་པོར་གཞི་ནས་སྤྱི་པའི་བདེ་འཇགས་ཡོད་ཅེས་བརྗོད་ཆོག དེ་ལྟར་ཡིན་པའི་དབང་གིས་ཀྲུང་གོས་ལྷག་བསམ་རྣམ་དག་དང་རང་འགུལ་ངང་རང་ནུས་ཡོད་རྒུས་གཞན་ལ་རོགས་རམ་བྱེད་ཀྱི་ཡོད། དེ་ལྟར་ཡིན་པའི་དབང་གིས་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཁག་དང་བདེ་སྡུག་མཉམ་མྱོང་དང་ཕྱར་བ་གྲུ་འདེགས་བྱས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རིམས་ནད་འགོག་བཅོས་བྱེད་པར་ཀྲུང་གོའི་བློ་གྲོས་དང་། ཀྲུང་གོའི་ཉམས་མྱོང་། ཀྲུང་གོའི་སྟོབས་ཤུགས་བཅས་ལེགས་སྐྱེས་སུ་ཧུར་ཐག་ཕུལ་ཡོད། ཕྱོགས་ཁག་ཚང་མ་ལག་གདང་སྦྲེལ་ན་ད་གཟོད་གཞི་ནས་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་ངེས་ཡིན་པ་ང་ཚོས་གསལ་པོར་ཤེས་པས་སོ།