འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་13ཉིན།

༄༅༎ཕྱི་འབྲེལ་པུས་ཐའེ་དབན་དང་འབྲེལ་བའི་བསམ་ཤེས་དྲན་ཐོ་ནི་གསང་བ་ཞིག་མ་རེད་ཅེས་བརྗོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་13ཉིན། 13:06】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཚེས་12ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་ཀྲུང་གོ་སྲིད་གཞུང་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་2005ལོར་མིང་རྟགས་བཀོད་པའི་བསམ་ཤེས་དྲན་ཐོ་ནི་གསང་བ་མིན་ཞིང་། ཐའེ་དབན་དབང་འཛིན་ལས་ཁུངས་ཀྱིས་མིག་སྔར་སླར་ཡང་འབྲེལ་ཡོད་དྲན་ཐོར་དམིགས་ནས“གཏམ་རྙིང་བསྐྱར་ཟློས”བྱས་པ་དེ་ནི་རིམས་ནད་ཀྱི་གནས་ཚུལ་ལ་བརྟེན་ནས་ཆབ་སྲིད་ཀྱི་མགོ་སྐོར་གཏོང་བའི་མཚོན་ཚུལ་གཞན་ཞིག་ཡིན་པས་རྦད་དེ་ངལ་བ་སྟོང་ཟད་རེད་ཅེས་བཤད་པ་རེད།
     དེ་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་ཝུའུ་ཀྲོའོ་ཞེ་ཡིས་ཀྲུང་གོའི་སྐམ་ས་ཆེ་མོ་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་2005ལོར་ཐའེ་དབན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་བྱེད་སྒོའི་ནང་ཞུགས་པའི“བསམ་ཤེས་དྲན་ཐོར”མིང་རྟགས་བཀོད་མྱོང་ཡོད། ཐའེ་དབན་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། དྲན་ཐོ་དེས“ཐའེ་དབན་ཀྲུང་གོར་དབང་བ་བྱས་ཡོད”ཅེས་བརྗོད་ཅིང་། ཁྱེད་ཀྱིས་དྲན་ཐོ་དེའི་ཞིབ་ཕྲའི་གནས་ཚུལ་མང་པོ་འདོན་སྤྲོད་བྱེད་ཐུབ་བམ། དྲན་ཐོ་དེ་ད་ལྟ་སྔར་བཞིན་ཐའེ་དབན་ས་ཁུལ་ལ་སྤྱོད་གོ་ཆོད་དམ་ཞེས་དྲིས་པར།
     ཀྲའོ་ལི་ཅན་གྱིས་འཛམ་གླིང་ཐོག་ཀྲུང་གོ་གཅིག་ལས་མེད་པ་དང་ཐའེ་དབན་ས་ཁུལ་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་རེད། ཀྲུང་གོས་རྒྱལ་སྤྱིའི་རྩ་འཛུགས་གང་རུང་དང་དྲན་ཐོར་མིང་རྟགས་བཀོད་ནས“ཐའེ་དབན་དེ་ཀྲུང་གོར་དབང་བ”བྱེད་མི་དགོས་ཞེས་བརྗོད་པ་རེད།
     “ཀྲུང་གོ་སྲིད་གཞུང་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་2005ལོར་མིང་རྟགས་བཀོད་པའི་བསམ་ཤེས་དྲན་ཐོའི་སྐོར་ནི་གསང་བ་ཞིག་མ་རེད། ཁྱོད་ཀྱིས་དྲ་ཐོག་ནས་ལྟ་ཙམ་བྱེད་པའི་གྲོས་འགོ་འདོན་རྒྱུ་ཡིན”ཞེས་ཀྲའོ་ལི་ཅན་གྱིས་བཤད་པ་དང་། ཁོང་གིས་འབྲེལ་ཡོད་དྲན་ཐོའི་གཏན་འབེབས་གཞིར་བཟུང་། ཀྲུང་གོ་གཅིག་གི་རྩ་དོན་འོག་ཐའེ་དབན་གྱི་ལག་རྩལ་རིགས་གཅིག་མཁས་ཅན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ལག་རྩལ་བྱེད་སྒོར་ཞུགས་རྒྱུ་ནི་བདེ་བླག་ཡིན། 2019ལོ་ནས་ད་བར་ལ་ཁག་16གི་ཐའེ་དབན་ས་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་རིགས་གཅིག་མཁས་ཅན་མི་ཐེངས་24འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ལག་རྩལ་བྱེད་སྒོའི་ནང་ཞུགས་ཡོད་པ་རེད།
     “ཐའེ་དབན་དབང་འཛིན་ལས་ཁུངས་ཀྱིས་མིག་སྔར་སླར་ཡང་འབྲེལ་ཡོད་དྲན་ཐོར་དམིགས་ནས‘གཏམ་རྙིང་བསྐྱར་ཟློས’བྱས་པ་དེ་ནི་རིམས་ནད་ཀྱི་གནས་ཚུལ་ལ་བརྟེན་ནས་ཆབ་སྲིད་ཀྱི་མགོ་སྐོར་གཏོང་བའི་མཚོན་ཚུལ་གཞན་ཞིག་ཡིན་པས་རྦད་དེ་ངལ་བ་སྟོང་ཟད་རེད”ཅེས་བཤད་པ་རེད།