འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་11ཉིན།

༄༅༎ཨ་རིས་མོ་ཞི་ཁོར་བཟོ་གྲྭ་སླར་ཡང་སྒོ་འབྱེད་དགོས་པའི་གནོན་ཤུགས་སྤྲད་པར་དོགས་འདྲི་ཕོག་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་11ཉིན། 12:47】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། མིག་སྔར་མོ་ཞི་ཁོ་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་སྤྱི་པའི་འཕྲོད་བསྟེན་ཛ་དྲག་གི་གནས་སུ་གྱར་རྒྱུའི་ཁྱབ་བསྒྲགས་བྱས་ནས“དགོས་ངེས་མིན་པའི”སྡེ་ཚན་ཚང་མ་ལས་མཚམས་བཞག་ནས་ཐོན་སྐྱེད་བྱེད་མཚམས་འཇོག་དགོས་པའི་བླང་བྱ་བཏོན་ཡོད། འོན་ཀྱང་ཨ་རི་སྲིད་གཞུང་གི་གནོན་ཤུགས་འོག་མོ་ཞི་ཁོ་དང་ཨ་རིའི་མཐའ་མཚམས་སུ་གནས་པའི་ཨ་རིའི་མ་འཇོག་ཁེ་ལས་ཁག་གཅིག་གི་བཟོ་གྲྭས་མོ་ཞི་ཁོའི་སྲིད་གཞུང་གི་བཀག་རྒྱ་ལག་བསྟར་གཏན་ནས་བྱེད་ཀྱི་མེད། མོ་ཞི་ཁོའི་སྨྱན་སྦྱོར་དང་གླེང་ཕྱོགས་ཀྱིས་བྱང་རྒྱུད་ཀྱི་བཟོ་གྲྭས་རིམས་ནད་ཀྱི་དུས་བབ་ཛ་དྲག་པའི་སྐབས་སུ་སྒོ་ཕྱེ་བ་དེས་མོ་ཞི་ཁོའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ཉེན་ཁ་བཟོ་སྲིད་པའི་ངོས་འཛིན་བྱས་པ་རེད།
     ཉེ་བའི་གཟའ་འཁོར་འགའི་ནང་མོ་ཞི་ཁོ་དང་ཨ་རིའི་མཐའ་མཚམས་ཀྱི་བཟོ་གྲྭ་མང་པོ་ཞིག་ཏུ་རིམས་ནད་མཆེད་ཅིང་། གནས་ཚུལ་སྤེལ་བར་གཞིགས་ན། བཟོ་གྲྭ་འདུ་ཆེ་བའི་མོ་ཞི་ཁོ་དང་ཨ་རིའི་མཐའ་མཚམས་གྲོང་ཁྱེར་10ཡི་ནང་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཀྱིས་རྐྱེན་པས་ཤི་བའི་མི་གྲངས་མོ་ཞི་ཁོའི་ས་ཁུལ་གཞན་དག་གི་ལྡབ་གཉིས་ཡིན་པ་རེད། སྤྱི་ཁྱབ་པུའུ་ཨ་རིའི་ཝུའེ་སི་ཁང་ཤིན་མངའ་སྡེར་ཡོད་པའི་ཀུང་སི་ཞིག་གི་མོ་ཞི་ཁོར་ཡོད་པའི་ཧྭ་ལུའེ་སི་བཟོ་གྲྭར་ལས་མིས་གཟའ་འཁོར་ཁ་ཤས་རིང་བཟོ་གྲྭས་ལས་བཟོའི་བདེ་ཐང་ལ་དོ་ཁུར་མི་བྱེད་པ་དང་ཐ་ན་གཞི་རྩའི་འཕྲོད་བསྟེན་འགོག་སྲུང་བྱ་ཐབས་ཀྱང་མཁོ་འདོན་བྱས་མེད་ཅེས་འཁང་ར་བྱེད་ཀྱི་ཡོད་པ་རེད། མིག་སྔར་མཐའ་མཚམས་བཟོ་གྲྭའི་བཟོ་པ་མང་པོ་ཞིག་ཁེ་ལས་བདག་པོས་ལས་ཀ་ནས་ཕུད་པའམ་ཡང་ན་མུ་མཐུད་ལས་ཀ་བྱས་ན་འཕྲོད་བསྟེན་གྱི་འགན་ལེན་ཐོབ་མི་ཐུབ་པའི་ཅི་བྱ་གཏོལ་མེད་ཀྱི་གནས་སུ་གྱར་ཡོད།
     དེ་ལྟར་ཡིན་ནའང་ཨ་རི་ཕྱོགས་ཀྱིས་མོ་ཞི་ཁོར་མུ་མཐུད་གནོན་ཤུགས་སྤྲད་དེ་བཟོ་གྲྭའི་རྒྱུན་གཏན་གཉེར་སྐྱོང་གང་མགྱོགས་སླར་གསོ་བྱེད་དགོས་པའི་བླང་བྱ་བཏོན་ཡོད། ཨ་རི་སྲིད་གཞུང་གིས་མོ་ཞི་ཁོར་གནས་པའི་ཨ་རིའི་བཟོ་གྲྭས་ཐོན་སྐྱེད་སླར་གསོ་མགྱོགས་པོ་མ་བྱས་ཚེ་མེ་གླིང་བྱང་མའི་རང་མོས་ཉོ་ཚོང་ཁུལ་གྱི་མཁོ་སྤྲོད་སྦྲེལ་ཐག་ལ“ཡུན་རིང་ལས་ནུས་ཤོར་བའི”ཉེན་ཁ་འཕྲད་རྒྱུ་རེད་ཅེས་བཤད་པ་རེད། ཨ་རིའི་ཁེ་ལས་མཁས་ཅན་ཁག་གཅིག་གིས་མིང་མཉམ་འགོད་ཀྱིས་མོ་ཞི་ཁོའི་ཙུང་ཐུང་ལུའོ་ཕེ་སིར་འཕྲིན་ཡིག་སྤྲིངས་ནས་བཟོ་གྲྭས་སྒོ་བརྒྱབ་པ་དང་ལས་མཚམས་བཞག་པ་དེས་སྨན་བཅོས་སྒྲིག་ཆས་མཁོ་འདོན་ཚོང་པར་ཞབས་ཞུ་མཁོ་འདོན་བྱ་རྒྱུར་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པའི་ངོས་འཛིན་བྱས་ནས་མོ་ཞི་ཁོར་མུ་མཐུད་ཐོན་སྐྱེད་བྱ་རྒྱུའི་རེ་བ་འདོན་པ་རེད། མོ་ཞི་ཁོར་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེ་མོ་བ་ཁེ་ལི་སི་ཐུའོ་ཕུའུ་ལན་ཏའོ་ཡིས་དཔལ་འབྱོར་འཕེལ་མེད་རང་སོར་ལུས་པ་དེ་སྤྱི་པའི་བདེ་ཐང་ལ་མཚོན་ན་འཇིགས་སྣང་ཞིག་ཡིན་པས་མོ་ཞི་ཁོས་ངེས་པར་དུ་ཨ་རིའི་དགོས་མཁོར་ཡ་ལན་བྱེད་དགོས་ཞེས་བཤད་པ་རེད།
     ཨ་རི་དང་མོ་ཞི་ཁོ་རྒྱལ་ཁབ་གཉིས་པོའི་གསོ་རིག་རིགས་གཅིག་མཁས་ཅན་དང་དཔལ་འབྱོར་རིག་པ་མཁས་ཅན་གྱིས་སྔ་ས་ནས་བཟོ་གྲྭ་སྒོ་དབྱེ་རྒྱུར་དོགས་འདྲི་བཏོན་ཡོད། མོ་ཞི་ཁོའི་སྨན་པ་ཨ་ཐུའུ་ལུའོ་སུའོ་ལི་ལི་ཡ་ཡིས་མིག་སྔ་ནི་རིམས་ནད་ལ་འགོག་རྒོལ་བྱེད་པའི་འགག་རྩའི་དུས་སྐབས་ཡིན་པས་བཟོ་གྲྭས་ཐོན་སྐྱེད་བྱེད་སྒོ་སྤེལ་རྒྱུ་ལས་གཡོལ་དགོས་ཞེས་བཤད་པ་རེད། ཝ་ཧྲིང་ཐོན་ཝེར་ཤུན་ལྟེ་གནས་ཀྱི་དཔལ་འབྱོར་རིག་པ་མཁས་ཅན་ཁེ་ལི་སི་ཐུའོ་ཕུའུ་ཝེར་ཤུན་གྱིས་མོ་ཞི་ཁོའི་བཟོ་པས་སྲོག་ཉེན་ལ་མ་འཛེམས་པར་ལས་ཀ་བྱེད་དགོས་སམ་ཞེས་བརྗོད།
     མོ་ཞི་ཁོའི་ཕྱི་འབྲེལ་པུའུ་ཀྲང་ཨའེ་པུའུ་ལ་ཏེ་ཡིས་ཨ་རིས་མོ་ཞི་ཁོས་དཔལ་འབྱོར་བསྐྱར་དུ་སྒོ་འབྱེད་པར་གནོན་ཤུགས་སྤྲོད་པ་ནི“ཕྱོགས་གཉིས་པོའི་གནད་དོན་ཞིག་མ་རེད”ཅེས་བཤད་པ་རེད། མོ་ཞི་ཁོ་སྲིད་གཞུང་གིས་རྒྱལ་ཁབ་གཉིས་པོས་དཔལ་འབྱོར་བསྐྱར་དུ་སྒོ་འབྱེད་པའི་ཞིབ་ཕྲའི་དུས་ཚོད་གཏན་འཁེལ་བྱས་མེད་པ་དང་། ཕྱོགས་གཉིས་པོས་རིམས་ནད་ལ་འགོག་རྒོལ་བྱེད་པ་དང་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་དབར་དོ་སྙོམས་ཡོང་ཐབས་བྱེད་ཀྱི་ཡོད། མེ་གླིང་བྱང་མའི་རང་མོས་ཚོང་དོན་ཁུལ་ནང་གི་ཨ་རི་དང་། མོ་ཞི་ཁོ། ཁ་ན་ཏ་བཅས་རྒྱལ་ཁབ་གསུམ་གྱིས་སྔོན་དུ་སྤྱི་ཚོགས་ཀྱི་འཕྲོད་བསྟེན་བདེ་འཇགས་འགན་ལེན་བྱ་རྒྱུར་བསམ་གཞིག་བྱེད་པ་དང་། དེའི་རྗེས་མཁོ་སྤྲོད་ཀྱི་སྦྲེལ་ཐག་བསྐྱར་དུ་གཏོད་དགོས་པའི་ངོས་འཛིན་བྱས་པ་རེད། མོ་ཞི་ཁོའི་འཕྲོད་བསྟེན་པུའི་པུའུ་ཀྲང་གཞོན་པ་ལུའོ་ཕེ་སི་ཅ་ཐེར་གྱིས་བཟོ་གྲྭ་ཁག་གཅིག་གིས་མུ་མཐུད་གཉེར་སྐྱོང་བྱེད་ཀྱི་ཡོད་པས་བྱང་རྒྱུད་མཐའ་མཚམས་ཀྱི་མངའ་སྡེ་ཁག་ཏུ་རིམས་ནད་དེ་བས་ཚབས་ཆེ་རུ་ཕྱིན་ཡོད་ཅེས་ཐ་ཚིག་བསྒྲགས་པ་རེད། ཞ་ཅ་ལི་ཕུའུ་ཉི་ཡ་མངའ་སྡེའི་ཀྲོའུ་ཀྲང་ཧ་དབྱི་མའེ་པོ་ཉི་ཡས་བཟོ་གྲྭས་འཕྲོད་བསྟེན་གྱི་གནས་ཚུལ་ལེགས་སུ་གཏོང་བ་དང་འབྲེལ་ལོགས་འཇོག་བྱ་ཐབས་རྒྱུན་འཁྱོངས་བྱས་ཏེ་བཟོ་པའི་བདེ་ཐང་དང་ཚེ་སྲོག་ལ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་སྲུང་སྐྱོང་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།