འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་11ཉིན།

༄༅༎རང་རྒྱལ་གྱི་རྒྱ་མཚོའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལོ་བཅུའི་ནང་ལྡབ་འཕར་བྱུང་བ།

2019ལོར་རང་རྒྱལ་གྱི་རྒྱ་མཚོའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་8.9ལྷག་ཙམ་ཟིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་11ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་8ཉིན་གློག་འཕྲིན་འབྱོར་བ་གཞིར་བཟུང་། རྒྱ་མཚོའི་སྟོབས་ཆེན་རྒྱལ་ཁབ་གང་མགྱོགས་སྐྲུན་པའི་འཐབ་ཇུས་བཀོད་སྒྲིག་འོག་2019ལོར་རང་རྒྱལ་གྱི་རྒྱ་མཚོའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་8.9ལྷག་ཙམ་ཟིན་པ་དང་། ལོ་བཅུའི་ནང་ལྡབ་འཕར་བྱུང་སྟེ་རྒྱ་མཚོའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱིས་GDPཡི་བསྡུར་ཚད་བཟུང་ཚད་ཉེ་བའི་ལོ་20ཙམ་རིང་9%ཙམ་རྒྱུན་འཁྱོངས་བྱུང་ཡོད།
     རང་བྱུང་ཐོན་ཁུངས་པུའི་རྒྱ་མཚོའི་འཐབ་ཇུས་འཆར་འགོད་དང་དཔལ་འབྱོར་སིས་ཉེ་ཆར《2019ལོའི་ཀྲུང་གོའི་རྒྱ་མཚོའི་དཔལ་འབྱོར་གྱི་བསྡོམས་རྩིས་སྤྱི་བསྒྲགས》ཡོངས་བསྒྲགས་བྱས་པ་དང་། ཞིབ་རྩིས་བྱས་པར་གཞིགས་ན། 2019ལོའི་རྒྱལ་ཡོངས་ཀྱི་རྒྱ་མཚོའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་89415ཟིན་པ་དེ་ལོ་གོང་མ་ལས་6.2%འཕར་ཡོད། རྒྱ་མཚོའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱིས་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད་བཟུང་ཚད་9.0%ཟིན་པ་དང་། མཚོ་རྒྱུད་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད་བཟུང་ཚད་17.1%ཟིན་པ་རེད། རྒྱ་མཚོའི་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར་3729དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར་31987 ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར་53700བཅས་ཟིན་པ་དེས་རྒྱ་མཚོའི་ཐོན་སྐྱེད་རིང་ཐང་བསྡོམས་འབོར་གྱི་4.2%དང་། 35.8% 60.0%བཅས་སོ་སོར་བཟུང་ཡོད་པ་རེད།
     སྤྱི་བསྒྲགས་ནང་2019ལོའི་རང་རྒྱལ་གྱི་རྒྱ་མཚོའི་ཐོན་ལས་བརྟན་པོའི་ངང་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་པ་དང་ལོ་འཁོར་མོར་འཕར་ཐང་སྒོར་དུང་ཕྱུར་35724ཟིན་པ་དེ་ལོ་གོང་མ་ལས་7.5%འཕར་ཡོད་པ་རེད།
     རང་རྒྱལ་གྱི་ས་ཁོངས་རྒྱ་མཚོའི་དཔལ་འབྱོར་རྒྱུན་ཆད་མེད་པར་སྟོབས་ཆེར་འགྲོ་བ་དང་། བྱང་རྒྱུད་དང་། ཤར་རྒྱུད། ལྷོ་རྒྱུད་བཅས་ཀྱི་རྒྱ་མཚོའི་དཔལ་འབྱོར་ཁུལ་གྱི་རྒྱ་མཚོའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་2010ལོའི་ལྡབ་1.9དང་། ལྡབ་2.1 ལྡབ་2.8བཅས་སོ་སོ་ཟིན་ཡོད་པ་རེད། གཡོད་ཀང་ཨའོ་ཁུག་ཆེན་ཁུལ་དང་། ཀྲུང་གོ(ཧའེ་ནན)རང་མོས་ཚོང་དོན་ཚོད་ལྟ་ཁུལ་སོགས་ཀྱི་འཐབ་ཇུས་ཆེན་པོར་རྒྱུན་མཐུད་ཤུགས་སྣོན་བརྒྱབ་པ་དང་ཆབས་ཅིག་ལྷོ་རྒྱུད་ཀྱི་རྒྱ་མཚོའི་དཔལ་འབྱོར་ཁུལ་རྒྱུན་མཐུད་མདུན་གྲལ་དུ་སླེབས་ཡོད་པ་རེད།