འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་11ཉིན།

༄༅༎ཀྲའོ་ལེ་ཅིས་རྒྱལ་ཡོངས་ཀྱི་སྐོར་གཟིགས་ལས་དོན་ཚོགས་འདུ་དང་སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་རེས་སྐོར་ལྔ་པའི་
སྐོར་གཟིགས་སྐུལ་སློང་དང་བཀོད་སྒྲིག་ཚོགས་འདུའི་ཐོག  སྐོར་གཟིགས་ཀྱི་ལྟ་སྐུལ་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་
ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་སྐུལ་འདེད་ཤུགས་ཆེན་གཏོང་དགོས་པའི་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་11ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཚེས་9ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་སྐོར་གཟིགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཀྲའོ་ལེ་ཅི་རྒྱལ་ཡོངས་ཀྱི་སྐོར་གཟིགས་ལས་དོན་ཚོགས་འདུ་དང་སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་རེས་སྐོར་ལྔ་པའི་སྐོར་གཟིགས་སྐུལ་སློང་དང་བཀོད་སྒྲིག་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཚོགས་འདུའི་ཐོག་སྐོར་གཟིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་སློབ་སྦྱོང་གནང་བ་མ་ཟད། འདི་ལོའི་སྐོར་གཟིགས་ལས་དོན་ཞིབ་འཇུག་བཀོད་སྒྲིག་གནང་བ་དང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་རྩ་འཛུགས་ཁག་གཅིག་ལ་གཅིག་སྡུད་སྐོར་གཟིགས་བྱ་རྒྱུ་བཀོད་སྒྲིག་གནང་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ་དང་། སྐོར་གཟིགས་སྐོར་ཞིབ་ལས་དོན་ཏན་ཏིག་ངང་སྤེལ་བ། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤྱི་འདོམས་བྱེད་པ། “བརྟན་པོ་དྲུག”གི་ལས་དོན་ཡག་པོ་སྒྲུབ་པ། “འགན་ལེན་དྲུག”གི་ལས་འགན་དོན་འཁྱོལ་བྱེད་པ་སོགས་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་ལ་སྐུལ་འདེད་གཏོང་རྒྱུར་ལྟ་སྐུལ་ནུས་ལྡན་བཅས་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་དམིགས་ཚད་ལས་འགན་ལེགས་གྲུབ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཆེད་འགན་ལེན་ནུས་ལྡན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
     ཀྲའོ་ལེ་ཅིས་སྐོར་གཟིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་མུ་མཐུད་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་ཆབ་སྲིད་སྐོར་གཟིགས་ཀྱི་ནང་དོན་དང་བླང་བྱར་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཆུད་པར་བྱས་ནས་དུས་རབས་གསར་པའི་སྐོར་གཟིགས་ལས་དོན་ཡག་པོ་སྒྲུབ་པའི་ཆབ་སྲིད་ཀྱི་སྟངས་འཛིན་ནུས་པ་དང་ཆེད་ལས་ཆུ་ཚད་མཐོ་རུ་གཏོང་དགོས་པ་དང། ཏང་ཀྲུང་དབྱང་གིས་གང་ཞིག་ལ་ཐུགས་ཁུར་གནང་མིན་དང་གང་ཞིག་ནན་བཤད་གནང་མིན་ལ་གོ་བ་གཏིང་ཟབ་ལེན་པ་དང་། གང་ཞིག་ནི་ཏང་དང་རྒྱལ་ཁབ་ཀྱི་ཆེས་གལ་འགངས་ཆེ་བའི་ཁེ་ཕན་ཡིན་པ་དང་གང་ཞིག་ནི་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་དགོས་ངེས་ཀྱི་་ལངས་ཕྱོགས་ཡིན་པར་གོ་བ་གཏིང་ཟབ་ལེན་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གང་དུ་ལག་བསྟར་བྱས་ན་དེ་གར་སྐོར་གཟིགས་བྱ་རྒྱུ་མཐའ་འཁྱོངས། རང་རྟོགས་ངང་དམིགས་ས་དང་ཤུགས་རྒྱག་ས་དེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་ཀྱི་བྱ་སྤྱོད་དངོས་དང་ཞིབ་ཕྲའི་ལས་དོན་ནང་འཇོག་པ། ཆབ་སྲིད་ཀྱི་སྐོར་གཟིགས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་ཆབ་སྲིད་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་དེ་བས་ནུས་ལྡན་དང་ཕན་འབྲས་ལྡན་པའི་སྒོ་ནས་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་སྲུང་སྐྱོང་དང་། མི་དམངས་མང་ཚོགས་ཀྱི་ཁེ་ཕན་འགན་ལེན། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་བཅས་བྱེད་དགོས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་སྟངས་འཛིན་ནན་པོ་བྱས་ཏེ་ཆབ་སྲིད་སྐོར་གཟིགས་ཀྱི་ངེས་གནས་བརྟན་པོ་སྲུང་བ་དང་། སྐོར་གཟིགས་ལས་དོན་གྱི་བྱེད་ཕྱོགས་མཐའ་འཁྱོངས་བྱེད་པ། དག་ཐེར་དོན་འཁྱོལ་དང་གྲུབ་འབྲས་བེད་སྤྱོད་བྱ་རྒྱུར་ཤུགས་སྣོན་རྒྱག་པ། སྐོར་གཟིགས་སྐོར་ཞིབ་ཐད་གོང་འོག་མཉམ་འགུལ་དང་ལྟ་སྐུལ་གཞན་དག་མཉམ་འདྲེས་ཡོང་རྒྱུར་སྐུལ་འདེད་གཏོང་བ། ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན་འཛུགས་སྐྱོང་ལ་གཙིགས་ཆེན་བཅས་བྱས་ཏེ་དངོས་ཐོག་བདེན་འཚོལ་དང་། གནད་སྨིན་དང་ཚན་རིག་དང་མཐུན་པ། སྒྲིག་སྲོལ་དང་། སྒྲིག་ཁྲིམས། བཅའ་ཁྲིམས་བཅས་གཞིར་བཟུང་སྐོར་གཟིགས་སྐོར་ཞིབ་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་དགོས།
     ཀྲའོ་ལེ་ཅིས་སྐབས་གཅིག་གི་ལས་འགན་འཁུར་ཡུན་ནང་སྐོར་གཟིགས་ཕྱོགས་ཡོངས་ལ་ཁྱབ་པ་བྱ་རྒྱུ་དེ་ནི་ཏང་གི་སྒྲིག་ཡིག་ནང་ཁ་གསལ་བཏོན་པའི་བླང་ཞིག་ཡིན་པར་བརྟེན། སྐོར་གཟིགས་ལས་དོན་གྱི་ལོ་ལྔའི་འཆར་འགོད་ཀྱི་བཀོད་སྒྲིག་གཞིར་བཟུང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་གོ་རིམ་ལྡན་པའི་སྒོ་ནས་དོན་འཁྱོལ་ལ་སྐུལ་འདེད་བཏང་སྟེ་དུས་བཀག་ལྟར་ལས་འགན་ཁག་ལེགས་འགྲུབ་བྱ་རྒྱུ་འགན་ལེན་བྱེད་དགོས། ཀྲུང་དབྱང་གི་རེས་སྐོར་ལྔ་པའི་སྐོར་གཟིགས་ལས་དོན་སྤེལ་སྐབས“ནན་པའི”སྤྱིའི་དགོངས་གཞི་མཐའ་འཁྱོངས་བྱས་ནས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འགན་ནུས་འགན་འཁྲི་དང་ལས་དོན་གྱི་ཁྱད་ཆོས་ཁོང་དུ་ཆུད་པ་དང་། ཏང་གི་ཆབ་སྲིད་འཛུགས་སྐྱོང་དང་། འགན་ནུས་སྒྲུབ་པའི་འགན་འཁྲི། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་། འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་། སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་ཉེན་ཁ་འགོག་སེལ་སོགས་ཀྱི་གནད་དོན་དང་ལྷག་པར་དུ་ཆབ་སྲིད་ཀྱི་འདུ་ཤེས་ཞན་པ་དང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་ལྷུག་པ། མི་དམངས་ཀྱི་ལངས་ཕྱོགས་བརྟན་པོ་མེད་པ། མང་ཚོགས་ཀྱི་དོ་ཁུར་སྣང་མེད་དུ་འཇོག་པ། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བ་སོགས་མངོན་གསལ་དོད་པའི་གནད་དོན་བཙལ་འཚོལ་གཏིང་ཟབ་བྱེད་དགོས། སྐོར་གཟིགས་ཚོགས་ཆུང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་ནན་པོ་བྱས་ཏེ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས་ཁེངས་སྐྱུང་གཟབ་ནན་དང“ནན་གསུམ་དྲང་གསུམ”ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་སྐོར་གཟིགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་དབྱང་ཤའོ་ཏུའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་སྐོར་གཟིགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཁྲེན་ཤིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་རེས་སྐོར་ལྔ་པའི་སྐོར་གཟིགས་ཙུའུ་ཀྲང་གི་དབང་ཆ་སྤྲས་ནས་འགན་བཞེས་པ་དང་དེ་བཞིན་ལས་འགན་ཁག་བགོས་ཀྱི་གཏན་འབེབས་ཁྱབ་བསྒྲགས་གནང་བ་རེད། ཚོགས་འདུ་ནི་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་ཤིང་། ཧུའུ་པེ་ཞིང་ཆེན་དང་། ཁྲུང་ཆིང་གྲོང་ཁྱེར། ཡུན་ནན་ཞིང་ཆེན། ཀྲུང་གོ་མི་དམངས་དངུལ་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ཨུ་ལྷན་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་སྤེལ་རེས་གཏམ་བཤད་གནང་བ་རེད།